མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་དང་རྨོ་ཞིང་སྲུང་སྐྱོབ་བྱ་བའི་ཆེད་དོན་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།
2023.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་དང་རྨོ་ཞིང་སྲུང་སྐྱོབ་བྱ་བའི་ཆེད་དོན་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་དོ་དམ་དང་རྨོ་ཞིང་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ལ། རང་བྱུང་ཐོན་ཁུངས་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་རྨོ་ཞིང་སྲུང་སྐྱོབ་བྱ་བར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྨོ་ཞིང་སྲུང་སྐྱོབ་ནི་རྒྱལ་དོན་གལ་ཆེན་ཡིན་པ་དང་། རང་བྱུང་ཐོན་ཁུངས་ལྟ་ཞིབ་ལག་བསྟར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་། འཁྱག་དར་གྱི་ཚེ་སྲོག་གཅིག་མཐུན་ཚོགས་པར་སྲུང་སྐྱོབ་བྱེད་པ་དང་། རང་བྱུང་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་སྤྱོད་ཚུལ་བཀག་འགོག་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་གཏན་ཕབ་གཉིས་ལ་བརྩི་མཐོང་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། རྨོ་ཞིང་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་དང་མངོན་སུམ་གྱི་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྟོབས་ཤུགས་ཡོད་རྒུས་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། རིགས་བགར་ནས་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱེད་པ། གསོག་ཚད་ཇེ་ཉུང་དུ་གཏོང་བ་དང་འཕར་ཚད་ལ་ཚོད་འཛིན་བྱེད་པའི་རེ་བ་དང་གནད་དོན་གཅིག་ལ་བྱེད་ཐབས་གཅིག་གི་རྩ་དོན་ལྟར། ཞིབ་འཇུག་དང་དབྱེ་ཞིབ་ནན་མོ་བྱེད་པ། རེ་རེ་བཞིན་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ལྟ་ཞིབ་ལྟ་སྒྲུབ་ལ་ཤུགས་སྣོན་པ། ཁྲིམས་ལྟར་གོ་རིམ་ལྡན་པ་དང་དུས་བཀག་ལྟར་དང་སྤུས་ཚད་ལ་འགན་སྲུང་བྱས་ནས་དག་ཐེར་ལེགས་བཅོས་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་གྱིས་ས་ཞིང་བཀོལ་སྤྱོད་བྱེད་པའི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ཞིང་སའི་དམར་མཚམས་བརྟན་སྲུང་བྱེད་པ། རྨོ་ཞིང་གི་ལམ་བུ་རྒྱ་བསྐྱེད་པ་དང་ཁ་གསབ་བྱེད་པ། རྨོ་ཞིང་ཟིན་གསབ་དོ་མཉམ་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། རྨོ་ཞིང་ཞིང་མིན་ཅན་དང་འབྲུ་མིན་ཅན་གྱི་གསར་སྣོན་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཏང་སྲིད་འགན་གཅིག་དང་སྡེ་ཁག་མཉམ་ལས། ཁོངས་གཏོགས་ས་ཆར་དོ་དམ་བྱེད་པ་དང་། འགོ་ཁུངས་ནས་ཚོད་འཛིན་ནན་མོ་བྱེད་པའི་འགན་འཁྲི་རྐྱེན་སྲོལ་ལག་བསྟར་ནན་མོ་བྱས་ཏེ། འགན་འཁྲི་མིའི་སྟེང་ལག་བསྟར་བྱེད་པ་དང་ལས་འགན་ལས་རྐང་སྟེང་བགོ་བཤའ་བྱེད་པ། གནོན་ཤུགས་བརྒྱུད་སྒྲོག་བྱེད་པར་ཁག་ཐེག་བྱེད་པ་དང་། ས་སྲུང་འགན་ཡོད་དང་ས་སྲུང་འགན་ལེན། ས་སྲུང་འགན་བསྟར་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་རྨོ་ཞིང་སྲུང་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ས་ཁུལ་གྱིས་གཏམ་བཤད།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།