ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་གཏམ་བཤད།
2023.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ8པའི་ཚེས30ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བརྙན་ལམ་གྱི་རྣམ་པས་བསྡུས་པ་དང་། ཧྲིན་ཀྲང་། ཞིང་ཆེན་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས་ཁྲིམས་ལྟར་ཡོངས་བཤེར་དང་། ཚན་རིག་དང་མཐུན་པའི་ཡོངས་བཤེར། དམངས་ཀྱི་ཆེད་དུ་ཡོངས་བཤེར་བཅས་མཐའ་འཁྱོངས་བྱེད་པ་དང་། གཟབ་ནན་དང་ཞིབ་ཚགས། ཏན་ཏིག་བཅས་ཀྱི་བྱ་བའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ལེགས་སྒྲུབ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྤུས་ལེགས་ནུས་ཆེའི་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཞབས་ཞུ་མཁོ་འདོན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་སྐྱོད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་སྟོབས་ཀྱི་བརྟག་དཔྱད་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལས་འགན་གཙོ་བོར་སྟངས་འཛིན་ནན་མོ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། གཞི་གྲངས་སྤུས་ཚད་ཀྱི་རྩ་དོན་དང་པོ་ཡོངས་བཤེར་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཁྲིམས་ལྟར་དཔལ་འབྱོར་ཡོངས་བཤེར་བྱེད་པ་དང་། སྤུས་ཚད་མཐོན་པོས་ཡོངས་བཤེར་གྱི་མི་སྣ་གཉིས་ཀྱི་གསོ་སྦྱོང་དོ་དམ་བྱ་བ་དམ་འཛིན་ཡག་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ཡོངས་བཤེར་བྱས་པའི་གཞི་གྲངས་སྤུས་ཚད་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཡོངས་བཤེར་གཞི་གྲངས་བདེན་པ་དང་ནོར་བ་མེད་པར་འགན་ལེན་བཅས་བྱས་ནས་གཞི་གྲངས་སྤུས་ཚད་ཀྱི་སྲོག་རྩ་བརྟན་སྲུང་བྱེད་དགོས། ནུས་ཤུགས་ཡོད་རྒུས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་། དཔལ་འབྱོར་ཡོངས་བཤེར་དང་ཐོན་རྫས་བརྟག་དཔྱད་ལ་སྤྱི་འདོམས་ནུས་ལྡན་བྱེད་པ། ལས་ཁུངས་གཙང་བཤེར་དང་ཡོངས་བཤེར་ཐོ་འགོད་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཡོངས་བཤེར་གྱི་གྲུབ་འབྲས་མཉམ་སྤྱོད་བེད་སྤྱོད་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ཁྱོན་ཡོངས་ནས་ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས་རྩ་འཛུགས་ནུས་ལྡན་དང་། འགན་འཁྲི་གསལ་པོ། མཐུན་སྦྱོར་བདེ་བླག མཉམ་འགུལ་ཕན་འབྲས་ཆེ་བ་བཅས་ཀྱི་ཡོངས་བཤེར་བྱ་བའི་ལམ་སྲོལ་ཆགས་པར་བྱས་ཏེ་ཡོངས་བཤེར་གྱི་འགན་འཁྲི་ནུས་ལྡན་ངང་བརྒྱུད་འདྲེན་དང་། ཡོངས་བཤེར་གྱི་ལས་འགན་འབྲེལ་མཐུད་དམ་ཚགས་བྱེད་པ། ཡོངས་བཤེར་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས།

ཚོགས་འདུའི་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་གྲ་སྒྲིག་གནས་ཚུལ་དང་གོམ་སྟབས་རྗེས་མའི་བྱ་བའི་བཀོད་སྒྲིག་བརྡ་ཁྱབ་བཏང་བ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་འགོ་འཛིན་བྱས།

ཤ་བོ་གསེར་མཚོས་བསྒྱུར།