མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་བཞུགས་མོལ་ཚོགས་འདུ་བསྡུས།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ8པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཆེད་མཁས་པ་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ཀྲུང་གོ་ཚན་རིག་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཟིན་འགོད་ཚན་ཆུང་གི་ཁོངས་མི་ཀྲང་ལུའུ་ཡིས་ཆེད་དོན་འཆད་ཁྲིད་བྱས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་ཁུར་བློ་མཐུན་དང་ཆེད་མཁས་པས་བརྗེ་རེས་གཏམ་བཤད་སྤེལ།

ཚང་མས་བརྗེ་རེས་གཏམ་བཤད་ཁྲོད་གཅིག་གྱུར་གྱིས་བལྟས་ན། བཅའ་ཁྲིམས་འདི་གཏན་འབེབས་བྱས་ཏེ་ཕྱིར་བཏོན་པ་ནི་མདོ་དབུས་མཐོ་སྒང་གི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བ་དང་། ཚུར་སྣང་ཆེ་བ། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་དང་དངོས་སུ་སྐུལ་འདེད་བཏང་བའི་འབྲས་བུ་ཡིན་པས། མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཚད་མཐོན་པོའི་མོས་མཐུན་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། དགའ་བསུ་ཚད་མེད་ཐོབ་བཞིན་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱེད་པའི་ཐད་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དེ་ཟླ9པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ་བཅའ་ཁྲིམས་དེའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་དུས་རབས་ཀྱི་རིན་ཐང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་སྔར་ལས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས། རྒྱལ་ཁབ་ཀྱི་དོན་ཆེན་གྱི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པར་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་འགན་ནུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏན་ཏིག་དང་ནུས་ལྡན་གྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བརྒྱུད་ཆེས་ཆེ་བ་གསུམ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འདུ་ཤེས་ཚང་མའི་སེམས་གཏོང་དུ་སིམ་པར་བྱེད་པ་དང་། བཅའ་ཁྲིམས་གལ་ཆེན་དེ་ཚང་མའི་སེམས་གཏིང་དུ་སིམ་པར་བྱས་ནས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་བཟང་བོ་གཅིག་ཏུ་སྒྲིལ་དགོས། བཅའ་ཁྲིམས་ཀྱི་བླང་བྱ་ཞིབ་ཕྲ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཆེད་དོན་སྙན་ཞུ་དང་གྲོས་གཞི། ཚོགས་ཐོག་གཏམ་བཤད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་དང་གཟིགས་སྐྱོང་སྔར་ལས་མང་བོ་བརྩོན་ལེན་བྱས་ཏེ་བཅའ་ཁྲིམས་གལ་ཆེན་དེ་མཚོ་སྔོན་དུ་ལག་བསྟར་དོན་འཁྱོལ་ཡག་པོ་ཡོང་ཆེད་སྲ་ཞིང་བརྟན་པའི་བྱ་བའི་རྨང་གཞི་འདིང་དགོས། ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་དང་། རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ལྟ་ཞིབ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ལྟ་སྐུལ་སོགས་ཀྱི་རྣམ་པ་བརྒྱུད་ནས་དངོས་གཉེར་ནུས་ལྡན་ངང་དམངས་གཙོའི་ལྟ་སྐུལ་བྱེད་སྒོ་སྤེལ་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ས་ཁོངས་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་ཡག་པོར་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ་མདོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ཤ་བོ་གསེར་མཚོས་བསྒྱུར།