རྒྱལ་ཡོངས་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

རྒྱལ་ཡོངས་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ལིས་ཞི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་དགའ་སྤྲོའི་བརྗིད་ཉམས་ཀྱིས་ཁེངས་ཡོད་ལ། ཀྲུའུ་ཞི་སྟེགས་བུའི་ཀླད་དུ་རྒྱལ་ཡོངས་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་ཡོལ་རས་ཀྱི་དཀྱིལ་དུ་གླིང་ཆེན་ལྔའི་ཕྱིར་སྡོད་རང་མིའི་སྤུན་ཟླས་སེམས་པ་མེས་རྒྱལ་ལ་ཕྱོགས་པའི་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་ཡོད་པ་དང་དར་དམར་བཅུ་ཡིས་གཡས་གཡོན་གཉིས་སུ་བརྒྱན་ཡོད། ཉིས་ཐོག་གི་གཟིགས་སྟེགས་སུ“ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱ་ཆེའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་དགོས”ཞེས་པའི་སྦྱར་ཡིག་ཆེན་པོ་བཀལ་ཡོད། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་དང་རྒྱལ་ཁབ་བརྒྱ་ལྷག་ནས་ཡོང་བའི་ཕྱིར་སྡོད་ཀྲུང་གོ་བའི་ཆེད་ཞུས་སྐུ་མགྲོན་དྲུག་བརྒྱ་ལྷག་མཉམ་གཅིག་ཏུ་འཛོམས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་པ་ན་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་འགོ་ཚུགས།

ལིས་ཞི་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ《རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་ཆེད་ཕྱིར་སྡོད་རང་མིའི་ལས་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས》ཞེས་པ་ཁ་བྱང་དུ་བྱས་ཏེ་ཤིས་ཚིག་ཕུལ་བ་དང་། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་།

ལིས་ཞི་ཡིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་པ་ནས་བཟུང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་རིམ་པ་ཁག་གི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་དང་མང་ཚོགས་ཚོགས་པའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཕྱིར་སྡོད་རང་མིའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། རྒྱ་ཆེའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་དང་ཕྱིར་སྡོད་རང་མི་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་མཉམ་དུ་འབད་འཐབ་དང་།མི་དམངས་དང་མཉམ་དུ་འབད་འཐབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དབུལ་ཐར་མཁྲེགས་གཏོར། རིམས་ནད་འགོག་སྡོམ་འཐབ་རྩོད། ཕྱི་ཕྱོགས་ལ་སྒོ་འབྱེད་པ། ཞང་ཀང་དང་ཨོ་མིན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས་བྱས་རྗེས་གང་ལེགས་བཞག་ཡོད།

ལིས་ཞི་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ནི་ཏང་གི་ལྟེ་བའི་ལས་འགན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱེད་དགོས་ཞེས་གསུངས། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་།ཀྲུང་གོ་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླ་མནའ་འབྲེལ་ལྷན་ཚོགས། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ།

ཚོགས་འདུའི་ཐོག《ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གི་ཕུལ་བྱུང་མི་སྣ་དང་རྒྱལ་ཡོངས་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》དང་། 《མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》《རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་རྩ་འཛུགས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱོང་བྱས་པར་མ་ཟད། གཟེངས་བསྟོད་ཐོབ་པའི་སྡེ་ཁག་དང་མི་སྒེར་ལ་བྱ་དགའ་གནང་།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝན་ལིས་ཅུན་གྱིས་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རྒྱ་ཆེའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་སྡོད་རང་མི་བཅས་ལ་མཛུབ་ཁྲིད་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་དགོས》ཞེས་པ་ཁ་བྱང་ཡིན་པའི་བྱ་བའི་སྙན་ཞུ་ཕུལ།

ཝང་དབྱི་དང་། ཧྲི་ཐའེ་ཧྥིན། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཁྲིན་ཝུན་ཆིན། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཞན་ཧུའེ་སོགས་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། རྒྱལ་སའི་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་མང་ཚོགས་ཀྱི་འཐུས་མི་སོགས་འགོ་ཚུགས་ཚོགས་འདུར་ཞུགས།