ཁྲིན་ཀང་གིས་ཟི་ལིང་གནམ་གྲུ་ཐང་གི་དུས་སྐབས་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་ལ་རྟོག་ཞིབ་བྱས།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་འགན་ལེན་འབྲེལ་འདྲིས་བྱས་པའི་ཟི་ལིང་གནམ་གྲུ་ཐང་གི་དུས་སྐབས་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་བདེ་འཇགས་དང་ལྗང་མདོག  ཤེས་རིག  མི་གཞུང་བཅས་ཀྱི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་པ་དང་།   སྤུས་ཚད་ལེགས་པ་དང་བདེ་འཇགས་ཡིན་པ།   ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་བཟོ་སྐྲུན་གཙོ་བོ་འཛུགས་སྐྲུན་བཟང་བོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཉིན་དེར་ཟི་ལིང་གནམ་གྲུ་ཐང་གི་དུས་སྐབས་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན T3མཁའ་འགྲུལ་ཐོག་ཁང་གི་ཕྱིའི་བཟོ་སྐྲུན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཏེ་གྱང་ངོས་དང་ཁང་བའི་ནང་གི་མཛེས་བཟོའི་དུས་སྐབས་སུ་སླེབས་ཡོད་པ་དང་།   མཁའ་འགྲུལ་ཐོག་ཁང་གི་ཐོག་མའི་བཟོ་དབྱིབས་ཆགས་པར་བྱས་ཡོད།   ཉིན་དེར་ཆར་བ་འབབ་བཞིན་ཡོད་ནའང་།  ཡུལ་དངོས་སུ་སྔར་བཞིན་འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་བཞིན་ཡོད་ལ། ལས་བཟོ་པ་དག་གིས་བྲེལ་འཚུབ་ཀྱིས་ཨར་ལས་བྱེད་བཞིན་ཡོད་པས།   གོ་རིམ་ལྡན་ཞིང་ཚ་ཚ་འུར་འུར་གྱི་ཨར་ལས་བཟོ་སྐྲུན་གྱི་རྣམ་པ་ཞིག་མངོན་ཡོད།   ཁྲིན་ཀང་གསར་དུ་འཛུགས་སྐྲུན་བྱས་པའི་མཁའ་འགྲུལ་ཐོག་ཁང་གི་ཁྱམས་ར་ནུབ་མར་སོང་ནས་ལས་གཞིའི་འཆར་འགོད་དང་འཛུགས་སྐྲུན་འཕེལ་རིམ། བདེ་འཇགས་ཐོན་སྐྱེད་སོགས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་པ་དང་།   བཟོ་སྐྲུན་གྱི་དཀའ་གནད་དྲིས་པར་མ་ཟད།   བཟོ་སྐྲུན་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

ཁྲིན་ཀང་གིས་བསྟན་དོན།    ཟི་ལིང་གནམ་གྲུ་ཐང་གི་དུས་སྐབས་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་ནི་རང་ཞིང་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ།   མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་རྒྱུས་སྟེང་གི་དངུལ་གཏོང་དང་འཛུགས་སྐྲུན་གཞི་ཁྱོན་ཆེས་ཆེ་བའི་ལས་གཞི་ཞིག་ཡིན་པས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་མཐོང་ཆེན་བྱེད་བཞིན་ཡོད།     ཕུལ་བྱུང་བརྩོན་ལེན་དང་ཡག་ཐོག་རྒྱན་བརྩེགས་ཀྱི་ཚད་གཞིས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   ལས་གཞིའི་གཙོ་གཞིའི་འགན་འཁྲི་ཇེ་དམ་དུ་གཏོང་བ།   བཟོ་སྐྲུན་གྱི་ལྟ་སྐུལ་དོ་དམ་བྱེད་ནུས་འདོན་སྤེལ་བྱེད་པ།   བཟོ་སྐྲུན་གྱི་སྤུས་ཚད་དམ་འཛིན་ནན་མོ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་སྤུས་ལེགས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱེད་དགོས།   དུས་ངེས་མེད་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་དམ་སྲུང་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ།    བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་སོ་སོ་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་སློབ་གསོ་རྒྱུན་དུ་དམ་འཛིན་བྱེད་པ་དང་།    བཟོ་སྐྲུན་འཛུགས་སྐྲུན་ཁྲོད་དུ་དུས་རིམ་གཅིག་ཀྱང་ཆད་ལུས་མེད་པ་དང་མངོན་མེད་རྐྱེན་ངན་གཅིག་ལའང་མཐོང་ཆུང་མི་བྱེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།     གནད་འགག་དམ་འཛིན་དང་དོ་དམ་ལེགས་སྒྱུར།   ཕན་ནུས་མཐོར་འདེགས་བཅས་བྱས་ཏེ་དུས་ཚོད་ཀྱིས་མིར་མི་སྒུག་པའི་འགན་འཁྲིའི་འདུ་ཤེས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྲེལ་མྱུར་འདུ་ཤེས་བཅངས་ཏེ་བཟོ་སྐྲུན་གྱི་སྤུས་ཚད་དང་ཨར་ལས་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག་ཏུ།   བཟོ་སྐྲུན་སྔ་མོ་ནས་འཛུགས་སྐྲུན་བྱས་ཏེ་བྱེད་ནུས་འདོན་རྒྱུ་བརྩོན་ལེན་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ཁྲོད་ཞུགས།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།