པེ་ཅིང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྦྲེལ་མཐུད་བྱས།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། པེ་ཅིང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྦྲེལ་མཐུད་བྱས་པ་དང་། པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་བརྗེ་རེས་ཇེ་ཟབ་ཏུ་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ཡུང་དང་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་མགོ་འཛིན་བྱས་ནས་མཚོ་སྔོན་དང་པེ་ཅིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དབྱིན་ཡུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས། པེ་ཅིང་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་བོར་མཚོ་སྔོན་དང་ལྷག་པར་དུ་ཡུས་ཧྲུའུ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་ཆབ་སྲིད་ཀྱི་ཁག་ཁུར་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་།  མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་ལ། ཡུས་ཧྲུའུ་ལ་སྒེར་སེམས་མེད་པའི་རོགས་སྐྱོར་འདོན་སྤྲོད་བྱས་ནས། ཡུས་ཧྲུའུ་རུ་གནམ་ས་བློ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་། འགྱུར་ལྡོག་དེ་ནི་མེས་རྒྱལ་ཁྱིམ་གཞི་ཆེན་པོའི་སྟོབས་ལས་བྱུང་བ་ཡིན་ལ། རྒྱལ་ས་པེ་ཅིང་གི་སྒེར་མེད་རོགས་སྐྱོར་ལ་ཁ་འབྲལ་ཐབས་མེད་པ་དང་། མཚོ་སྔོན་མི་དམངས་ཀྱིས་དེ་ཡིད་ལ་དམ་པོར་འཛིན་ངེས་ལ། ཡུས་ཧྲུའུ་མི་དམངས་ཀྱིས་དེ་བརྗེད་མི་སྲིད། ཐེངས་འདིའི་འཐུས་ཚབ་ཚོགས་པ་དང་མཚོ་སྔོན་བར་མཉམ་ལས་སྔར་ལས་བཟང་བོ་བྱེད་པའི་ཐུན་མོང་གི་ལྟ་བ་བྱུང་བ་དང་། དེས་ས་གནས་གཉིས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་ཐུབ་ལ། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་བོ་ལེན་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ངེས། མཚོ་སྔོན་གྱིས་སྲིད་ཇུས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་པེ་ཅིང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་བཀོད་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་དུ་སྤེལ་ནས། པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། མིག་སྔར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པ་དང་། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། བྱ་བ་སྣ་ཚོགས་ཐད་ནས་ཀྲུང་དབྱང་དང་རྒྱལ་ཁང་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་སྔར་ལས་ཆེན་པོ་ཐོབ་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་རོགས་རམ་སྔར་ལས་མང་བོ་ཐོབ་ལ། ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད། པེ་ཅིང་གིས་སྔར་བཞིན་དུ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པ་དང་། པེ་ཅིང་དང་མཚོ་སྔོན་གཉིས་ཀྱི་ཁྱད་ལྡན་དགེ་མཚན་ཐོན་ལས་དང་ཁེ་ལས་གཙོ་བོའི་མཉམ་ལས་ཟབ་མོར་སྐུལ་འདེད་གཏོང་བ། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་ཚོགས་སྒྲིག་རང་བཞིན་གྱི་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱིས་སྔ་མོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བར་རོགས་འདེགས་བྱེད་རྒྱུའི་རེ་བ་ཡོད།

དབྱིན་ཡུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་པེ་ཅིང་གྲོང་ཁྱེར་གྱི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ལྷག་པར་དུ་ཡུས་ཧྲུའུ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རང་འགུལ་གྱིས་པེ་ཅིན་གི་ཆར་ཞོད་ཆེན་པོའི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་དངོས་ཟོག་དང་དངུལ་སྒོར་གྱི་ཞལ་འདེབས་ཕུལ་བའི་བརྩེ་ལྡན་བྱ་སྤྱོད་ལ་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དོན་འཁྱོལ་བྱས་ལ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བསྩལ་བའི་འཐབ་ཇུས་ལས་འགན་ཡིན། པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་ནན་མོ་བྱེད་པ། མཚོ་སྔོན་དང་ཡུས་ཧྲུའུ་དང་མཉམ་དུ་ཤུགས་འདོན་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་སྟེ། དུས་རབས་གསར་བའི་ཁུལ་ཁོངས་མཉམ་ལས་ཀྱི་དཔེ་སྟོན་དཔེ་གཞི་གསར་སྐྲུན་བྱེད་རྒྱུ་ཡིན། རོགས་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་ཡུས་ཧྲུའུ་དང་མཉམ་དུ་དཔེ་སྟོན་རོགས་སྐྱོར་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་པ། ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་དང་རྩ་འཛུགས་སོགས་ཁྱབ་ཁོངས་གཙིགས་འཛིན་བྱས་ནས། ཡུས་ཧྲུའུ་ཡིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་རམ་འདེགས་བྱེད་དགོས། སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་རྒྱུན་མཐུད་ངང་སྤེལ་བ་དང་། རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ། ཤེས་རིག་རོགས་སྐྱོར་གྱི་བཤད་རོགས་ཁྲིད་གསུམ་བཟང་བོ་བྱེད་དགོས། སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་མཉམ་ཁུར་བྱེད་པ། སྐྱེ་ཁམས་མཉམ་ལས་ཀྱི་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཏེ། སྐྱེ་ཁམས་དམངས་ཕྱུག་གི་ཐོན་ལས་དང་ལྗང་མདོག་ཐོན་ལས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་བཅས་འཕེལ་རྒྱས་སུ་གཏོང་དགོས། པེ་ཅིང་གི་ཁེ་ལས་ཡུས་ཧྲུའུ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་སློང་གཏོང་བ་དང་། ལས་ཞུགས་ཐད་རོགས་སྐྱོར་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་ཉེ་ས་ནས་ལས་ཞུགས་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཕྱི་ཕྱོགས་སྒོ་འབྱེད་། འཛད་སྤྱོད་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཞིབ་སྤེལ་གྲུབ་འབྲས་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་པེ་ཅིང་དང་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། མི་རིགས་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་ཤུགས་སྣོན་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཟང་བོ་བཤད་དེ། མི་རིགས་སོ་སོས་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་བ་དང་། ཆེས་བཟང་བའི་ཁག་ཁུར་དང་ཆེས་བཟང་བའི་ཚད་གཞི། ཆེས་བཟང་བའི་བརྩེ་བར་བརྟེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། བློ་སེམས་རྩེ་གཅིག་གིས་རོགས་རམ་བྱས་པ་དང་བདེན་འཛིན་དངོས་སྒྲུབ་ཀྱིས་རོགས་སྐྱོར་བྱས་ལ། མ་དངུལ་མང་བོ་བཏང་ནས། རོགས་སྐྱོར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ང་ཚོས་དྲིན་གཟོ་བྱེད་པ་དང་སྔར་ལས་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། ལངས་གནས་སྔར་ལས་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན། བྱེད་ཐབས་སྔར་ལས་བཟང་བོས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྟེགས་བུ་བེད་སྤྱོད་པ། རོགས་སྐྱོར་གྱི་ལས་གཞི་ལ་སྐུལ་འདེད་གཏོང་བ། རོགས་སྐྱོར་མ་དངུལ་ལ་དོ་དམ་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་ཐད་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་སྐྱེད་སྲིང་བྱས་ཏེ། བབ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སྟོབས་ཤུགས་སྔར་ལས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། པེ་ཅིང་བར་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྔར་ལས་མཐོང་ཆེན་བྱེད་པ། ཆུ་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེར་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། མཉམ་ལས་སྔར་ལས་ཟབ་མོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། པེ་ཅིང་དང་མཚོ་སྔོན་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན། ངལ་རྩོལ་པ་ཕྱིར་གཏོང་བ་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ནས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་རུ་བསྒྱུར་དགོས། འདུ་ཤེས་སྔར་ལས་བརྟན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ས་གནས་གཉིས་ཀྱི་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་གཏིང་ཟབ་ཏུ་བཏང་སྟེ། དེང་རབས་ཅན་གྱི་སྐྱོད་ལམ་གསར་བ་མངོན་འགྱུར་བྱེད་པའི་སྟེང་མི་རིགས་སོ་སོ་གཅིག་ཀྱང་མེད་མི་རུང་བ་དང་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་དགོས།

མཚོ་སྔོན་དུ་སྡོད་སྐབས། འཐུས་ཚབ་ཚོགས་པ་ཡུས་ཧྲུའུ་གྲོང་ཁྱེར་ཤེལ་དཀར་སྲང་ལམ་བྲག་མགོ་སྡེ་བ་དང་། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དུ་སོང་ནས། གཞི་རིམ་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཡུས་ཧྲུའུ་ཡི་གནོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། པེ་ཅིང་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚམས་འདྲི་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།