ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་པའི་འཐུས་མི་དང་ལྷན་དུ་བཞུགས་མོལ་གནང་།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་ཟུར་ཞུགས་བྱས་པའི། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ལྷན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲུ་རིགས་བདེ་འཇགས་འགན་ལེན་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བཞུགས་མོལ་བརྗེ་རེས་བྱས།  ཀྲའོ་ལི་ཅི་ཡིས་དམངས་ཆེན་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ནས། འགན་འཁྲི་སྒྲུབ་པའི་རིང་ལ། རང་རྟོགས་སྒོས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འབྲུ་རིགས་བདེ་འཇགས་ལ་མཉམ་དུ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་གསུངས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། འཐུས་མི་ཚོས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུར་དམིགས་ཏེ་བསམ་འཆར་དང་གྲོས་འགོ་བཏོན། ཀྲའོ་ལི་ཅི་ཡིས་ནན་ཏན་ངང་གསན་རྗེས་ཚང་མ་དང་མཉམ་དུ་བརྗེ་རེས་ཟབ་མོ་གནང་། ཀྲའོ་ལི་ཅི་ཡིས་དམངས་ཆེན་གྱི་འཐུས་མི་དང་ལྷག་པར་དུ་ཞིང་ལས་དང་ཞིང་ལས་ཚན་རྩལ་འཐབ་ཕྱོགས་ཀྱི་འཐུས་མིས་ཀུན་གྱི་སྣེ་ཁྲིད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་དགོས་པ་དང་། འབྲུ་རིགས་བདེ་འཇགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ། ཞིང་པ་མང་ཚོགས་ལ་རྨོ་ཞིང་སྲུང་སྐྱོབ་ཀྱི་འདུ་ཤེས་དང་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འདུ་ཤེས་ཚང་མའི་སེམས་གཏིང་དུ་སིམ་པར་སྐུལ་འདེད་གཏོང་དགོས། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། འབྲུ་རིགས་བདེ་འཇགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་བསམ་གཞིག་གཏིང་ཟབ་གཏོང་བ། བཅའ་ཁྲིམས་དང་ལམ་ལུགས་ཀྱི་ངོས་ནས་འབྲུ་རིགས་བདེ་འཇགས་ལ་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་འགལ་ཟླ་དང་ཞན་ཆ་ཤེས་རྟོགས་བྱ་རྒྱུར་མཐོང་ཆེན་བྱེད་པ། ཁྲིམས་གཏན་ཐབས་ལམ་བརྒྱུད་དེ་བསམ་འཆར་དང་གྲོས་འགོ་བཏོན་ནས། འབྲེལ་ཡོད་ཕྱོགས་ཀྱིས་གནད་དོན་ཐག་གཅོད་དང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།