ཞི་ཅིན་ཕིང་གིས་དམག་དཔོན་ཆེན་མོ་ཧྲི་ཏིས་ཝེ་ཡི་ཕྱི་རབས་པར་འཕྲིན་ལན་བསྐུར།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་དམག་དཔོན་ཆེན་མོ་ཧྲི་ཏིས་ཝེ་ཡི་ཚ་བོ་ཡུའེ་ཧན·དབྱི་ཟི་ཐི་པུའུ་ལུའུ་ཁུ་ལ་འཕྲིན་ལན་བསྐུར།

ཞི་ཅིན་ཕིང་གིས་དབྱི་ཟི་ཐི་པུའུ་ལུའུ་ཁུ་ཡིས་འཕྲིན་ཡིག་བསྐུར་ཏེ། དམག་དཔོན་ཆེན་མོ་ཧྲི་ཏིས་ཝེ་དང་དེ་བཞིན་དམག་དཔོན་ཧྲི་ཏིས་ཝེའི་ཁྱིམ་རྒྱུད་ཀྱི་མི་རབས་དུ་མས་ཀྲུང་གོ་དང་མཛའ་མཐུན་འགྲོ་འོང་བྱས་པའི་གཏམ་རྒྱུད་གླེང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ངས་ཧྲི་ཏིས་ཝེ་ཁྱིམ་རྒྱུད་ཀྱི་ངོས་ནས་ཨ་མེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་མཐུན་གྱི་བརྩེ་སེམས་རྣལ་མ་དེ་ཚོར་བྱུང་། དམག་དཔོན་ཆེན་མོ་ཧྲི་ཏི་ཝེ་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པ་དང་། ཁོས་ཀྲུང་གོའི་བཅིངས་འགྲོལ་དང་ཡར་ཐོན་བྱ་གཞག་ལ་རྒྱབ་སྐྱོར་གང་ལེགས་གནང་བར་མ་ཟད། ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་བར་གྱི་མཛའ་མཐུན་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་མྱོང་། ཀྲུང་གོ་མི་དམངས་ཀྱིས་ཁོ་དུས་ནམ་ཡང་བརྗེད་མི་སྲིད། ཅང་མ་འགོར་བའི་སྔོན་ལ། ཁྲུང་ཆིན་གྲོང་ཁྱེར་གྱིས་དམག་དཔོན་ཆེན་མོ་ཧྲི་ཏིས་ཝེ་སྐུ་འཁྲུངས་ནས་ལོ་བརྒྱ་དང་བཞི་བཅུ་འཁོར་བར་རྗེས་དྲན་བྱེད་སྒོ་སྤེལ་བ་དང་། དམག་དཔོན་གྱི་ཚ་བོ་ཁྱོད་ཀྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ་བར་མ་ཟད། ཁྱོད་ཀྱི་བུ་མོ་དང་མག་པ། ཚ་བོ་བཅས་ཀྱང་རྗེས་དྲན་ཞུ་སའི་ཡུལ་དངོས་སུ་ཐོན་ཡོད།  དམག་དཔོན་ཆེན་མོ་ཧྲི་ཏིས་ཝེ་སྐུ་ངོ་མས་བསྐྲུན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་བྱ་གཞག་དེ་ཁྱིམ་རྒྱུད་ཀྱི་མི་རབས་ལྔ་པའི་བར་དུ་རྒྱུན་འཛིན་བྱས་པ་མཐོང་སྐབས་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་ཞེས་གསུངས།

ཞི་ཅིན་ཕིང་གིས་འདས་ཟིན་པར་ཕྱིར་དྲན་བྱེད་སྐབས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀས་འཇར་པན་ཧྥ་ཤི་སིར་འགོག་རྒོལ་བྱས་པ་དང་། འཛམ་གླིང་གི་ཞི་བདེ་བརྩོན་ལེན་བྱེད་ཆེད་དཔུང་པ་མཉམ་གཤིབ་བྱས་མྱོང་། མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སྔར་སྲོལ་བཞིན་མུ་མཐུད་དུ་ཕན་ཚུན་བར་རྒྱབ་སྐྱོར་དང་མཉམ་དུ་དར་རྒྱས་ཡོང་ཐུབ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའི་རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ་དང་། སྟོབས་ཤུགས་ཀྱི་འབྱུང་ཁུངས་ནི་མི་དམངས་བར་གྱི་མཛའ་མཐུན་ཡིན། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཇེ་ཆེར་གཏོང་བ། མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་བ་རྒྱུན་ཆད་མེད་པར་སྣོན་དགོས། ཁྱོད་དང་ཧྲི་ཏིས་ཝེ་ཁྱིམ་རྒྱུད་ཀྱི་ཁོངས་མི་གཞན་དག་གིས་ཀྱང་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་མཛའ་མཐུན་ལ་མུ་མཐུད་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཡོད་ལ། ཁྱོད་ཚོ་དུས་རྒྱུན་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།