ཝུའུ་ཞའོ་ཅུན་གྱིས་ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་གི་ལས་འཛིན་འགོ་གཙོ་ཆིའུ་ཡུང་སོགས་ལ་ཐུག་འཕྲད་བྱས།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་འགོ་གཙོ་ཆིའུ་ཡུང་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཆིའུ་ཡུང་སོགས་ལ་དགའ་བསུ་བྱས་པ་དང་། ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་དཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་བཞིན་པའི་སྒང་ཡིན་ལ། ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་དམིགས་འབེན་ལ་རྐང་བཙུགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས། ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་གིས་མུ་མཐུད་དུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་དོ་སྣང་དང་རྒྱབ་སྐྱོར་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་དང་གསོན་ཤུགས་སྣོན་རྒྱུ་ནི་རེ་བ་ཡིན།

ཆིའུ་ཡུང་གིས་བསྟན་དོན། ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་གིས་སྟེགས་བུའི་ལེགས་ཆ་འདོན་སྤེལ་བྱས་ནས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཚོ་སྔོན་ཁེ་ལས་ཀྱིས་མ་རྩའི་ཚོང་ར་བེད་སྤྱོད་ཡག་པོ་བྱེད་པ་དང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སྤུས་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཐུག་འཕྲད་ལ་ཞུགས།

མི་ཕམ་མགོན་པོས་བསྒྱུར།