ཞི་ཅིན་ཕིང་གིས་ཨན་ཧོས་ཞིང་ཆེན་ཆན་ཧྲན་གྲོང་ཁྱེར་ཡེ་ཀྲའེ་སློབ་འབྲིང་གི་དམག་དཔུང་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མ་རྣམས་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་།
2023.09.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཨན་ཧོས་ཞིང་ཆེན་ཆན་ཧྲན་གྲོང་ཁྱེར་ཡེ་ཀྲའེ་སློབ་འབྲིང་གི་དམག་དཔུང་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་གྲོགས་ཉི་ཤུ་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་བརྩེ་བའི་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། ཁྱོད་ཚོས་དམག་དཔུང་དུ་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་དེ་མི་ཚེའི་འཚོལ་སྙེག་ཏུ་བྱས་ནས། ད་ལོར་དམག་དཔུང་གི་སློབ་གྲྭར་རྒྱུགས་འཕྲོད་ཏེ། དམག་མིའི་འཚོ་བ་རོལ་འགོ་བརྩམས་པར་ངས་རྟེན་འབྲེལ་ཞུས་པ་ཡིན། དམག་དར་ལས་དོན་སྤེལ་བར་ཕུགས་བསམ་ཅན་གྱི་ན་གཞོན་རབ་དང་རིམ་པས་བསྟུད་མར་འབད་འཐབ་བྱེད་དགོས། ཁྱོད་ཚོས་བློ་དཀར་རང་གཤིས་བརྟན་པོར་རྒྱུད་ལ་ཉར་བ་དང་། སློབ་སྦྱོང་དང་སྦྱོང་བརྡར་ལ་དཀའ་བ་སྤྱོད་པ། བླ་རུ་འཕགས་པའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ་བཅས་བྱས་ཏེ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དམག་དོན་འཇོན་མི་གསར་གྲས་སུ་འགྱུར་བར་འབད་བརྩོན་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཐད་དུ་བྱས་རྗེས་དང་སྟོབས་ཤུགས་འབུལ་རྒྱུ་ནི་རེ་བ་ཡིན།

ཨན་ཧོས་ཞིང་ཆེན་ཆན་ཧྲན་གྲོང་ཁྱེར་ཡེ་ཀྲའེ་སློབ་འབྲིང་གིས་ཏ་པེའེ་ཧྲན་རི་བོའི་གསར་བརྗེ་གནས་རྙིང་དུ་ཡོད་པ་དང་། རྒྱལ་སྲུང་སློབ་གསོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ད་ལོར་སློབ་གྲྭ་དེའི་སློབ་མ་བརྒྱ་ལྷག་གིས་དམག་དཔུང་སློབ་གྲྭར་རྒྱུགས་སྤྲད་པ་དང་། དེའི་ནང་དུ་སློབ་མ་ཉི་ཤུས་དམག་དཔུང་སློབ་གྲྭ་དགུ་རུ་རྒྱུགས་འཕྲོད། ཉེ་སྔོན་སློབ་གྲོགས་ཉི་ཤུ་པོ་དེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། རྒྱལ་སྲུང་གི་ཐད་དུ་ནུས་ཤུགས་འདོན་པ་དང་དམག་དར་གྱི་ཐད་དུ་བྱས་རྗེས་འབུལ་རྒྱུའི་ཡིད་ཆེས་དང་ཆོད་སེམས་བསྟན།