ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་ཟི་པའོ་རུ་མེ་སྐྱོན་བྱུང་བའི་ཐད་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་ཟི་པའོ་རུ་མེ་སྐྱོན་བྱུང་བའི་ཐད་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་ཟི་པའོ་གྲོང་ཁྱེར་གྱི་བཟོ་སྐྲུན་ཁང་བརྩེགས་ཤིག་ལ་གློ་བུར་མེ་སྐྱོན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ནས།  ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མར་སེམས་གསོའི་འཚམས་འདྲི་ཞུས་པ་ཡིན། གནོད་འཚེའི་མདུན་དུ། ཀྲུང་གོ་དུས་རྣམ་ཀུན་ཏུ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ཡོད། ཙུང་ཐུང་ལཱ་མ་ཧྥུའུ་སཱ་དང་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།