ལིས་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལ་མཇལ་འཕྲད་གནང་།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀི་ཨོ་ཨར་ཅིས་ཡེ་ཝ་དང་མཇལ་འཕྲད་གནང་།

ལིས་ཆང་གིས་ད་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་ནས། སྤྱིའི་ཆ་ནས་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད། ང་ཚོས་སྲིད་ཇུས་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་གཞི་ཁྱོན་བརྟན་ལ་གྲུབ་ཆ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱི་ཕྱོགས་མ་དངུལ་བསྡུ་འགུགས་དང་སྤྱོད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩ་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་བཅོས་སྐྱོང་བྱེད་པའི་ཁྲོད་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཐེབས་རྩ་རྩ་འཛུགས་ཀྱིས་བགོ་སྐལ་ཐེངས་བཅུ་དྲུག་པའི་སྤྱིའི་ཞིབ་བཤེར་ལ་དོན་སྙིང་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། སྲུང་སྐྱོབ་རིང་ལུགས་དང་རྣམ་པ་སྣ་ཚོགས་ཀྱི“འབྲེལ་ཐག་གཅོད་པའི”བྱེད་ཕྱོགས་ལ་ངོ་རྒོལ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཀི་ཨོ་ཨར་ཅིས་ཡེ་ཝ་ཡིས་ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་གསུམ་ཆ་གཅིག་ཟིན་པ་དང་། ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་རྒྱུར་ནུས་པ་ལྡན་པའི་སྣེ་ཁྲིད་བྱས་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་བྱེད་པ་དང་ཤར་གཏོང་ཐུབ་པར་འབད་དགོས། ཐེབས་རྩ་རྩ་འཛུགས་ཀྱིས་བགོ་སྐལ་ལ་སྤྱིའི་ཞིབ་བཤེར་བྱེད་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།