རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་གྲོལ།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དང་ཕྱིའི་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་གྱི་བཅའ་ཁྲིམས། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་ཆ་སྤྲད་ནས། ཀོང་ཏུང་དང་ཞང་ཀང་། ཨའོ་མེན་བཅས་མཚོ་ཁུག་ཆེན་མོའི་ས་ཁུལ་དང་ནང་ལོགས་ཀྱི་གྲོང་ཁྱེར་དགུའི་ཞང་ཀང་གི་བཅའ་ཁྲིམས་ལས་གཉེར་བ་དང་ཨའོ་མེན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་ལོགས་ཀྱི་ལས་གཉེར་ཐོབ་ཐང་སྤྲོད་པ་དང་ཁྲིམས་རྩོད་པའི་ལས་རིགས་ཚོད་ལྟའི་ལས་དོན་སྤེལ་ཡུན་ཇེ་རིང་དུ་གཏོང་བའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།