ལིས་ཆང་གིས་པེ་ཉིང་གི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་པེ་ཉིང་གི་ཙུང་ཐུང་ཐཱ་ལུང་དང་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་པེ་ཉིང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་འཐབ་ཇུས་སྣེ་སྟོན་དང་སྐུལ་འདེད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ངེས་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེ་ཉིང་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་སྔར་སྲོལ་བཞིན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། པེ་ཉིང་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་དང་གཞི་གྲངས་ཆ་འཕྲིན། ཐོན་ལས་གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། མི་ཆོས་རིག་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པེ་ཉིང་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཐཱ་ལུང་གིས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་མིག་དཔེ་བསྟན་ཡོད། པེ་ཉིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་པེ་ཉིང་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། བཟོ་ལས་དང་ཞིང་ལས། དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།