ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་རྒན་པར་གནས་བབ་སྙན་ཞུ་ཕུལ།
2023.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པར་གནས་བབ་སྙན་ཞུ་ཕུལ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ཀྲང་ཧོང་ཡོན། དབྱང་ཀྲི་ཝུན། ཀྲང་ཞའོ་རུང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་རིམ་པའི་འགོ་ཁྲིད་རྒན་པ་ལིས་མེན་ཅིན་དང་ཀྲང་ཡུས་ལན། ཅ་ཀའོ་མེན། སྟག་འབུམ་ཐར། སུའུ་ཉིང་། དབང་མོ། ཚའེ་ཅུའུ་ལི། ཀྲའོ་ཆི་ཀྲུང་། ཝང་ཞའོ་ཆིན། ཞུན་ཞིན་ཚའེ། ཡུའེ་ཧྲི་ཧྲུའུ། པོ་དབྱི་ཀྲི མཱ་ཀྲི་ཝེ་དང་ལས་བྱེད་པ་རྒན་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་ལས་བྱེད་པའི་འཐུས་ཚབ་བཅས་ཚོགས་འདུར་ཞུགས།

ཉིན་དེར་ཁྲིན་ཀང་གིས་བྱ་བ་དང་སློབ་སྦྱོང་ཁྲོད་ཀྱི་བསམ་གཞིགས་དང་བསམ་བློ། སྤྱོད་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ལས་བྱེད་པ་རྒན་པ་དང་ཁ་གཏད་བརྗེ་རེས་ཟབ་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལག་བསྟར་བྱེད་པར་དམིགས་ནས། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་མཚོ་སྔོན་གྱི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཙོ་བོར་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་འགྲེལ་ཀློག་བྱས།

ཁྲིན་ཀང་གིས་བཤད་རྒྱུར། དེ་རིང་གི་མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་ཀྱི་རྗེས་བསྙེག་ཐུབ་པ་ནི། ཏང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པར་རག་ལས་པ་དང་། མི་རབས་རེ་རེའི་མཚོ་སྔོན་གྱི་མིས་རྒྱུན་མཐུད་འབད་འཐབ་བྱེད་པ་དང་བགྲང་ལས་འདས་པའི་སྔོན་རབས་པ་ཚོས་བསྐྲུན་པའི་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ལ་རག་ལས་པས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ལས་བྱེད་པས་བྱ་བ་བསྒྲུབ་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ་གཙིགས་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་ལ། གོ་སྐབས་དམ་འཛིན་བྱས་ནས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བྲེལ་མྱུར་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོར་འདེགས་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཐིག་དང་གཙོ་གནད་གཏན་ཁེལ་བྱས་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་བློ་རྩ་ཇེ་བརྟན་དུ་བཏང་བ་དང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་བདེན་འཛིན་དངོས་གཉེར་བྱེད་པའི་སྙིང་སྟོབས་ཆེར་སྐྱེད། ལས་བྱེད་པ་རྒན་པ་ནང་དུ་འདུ་བའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་སྔོན་ལ་སྔར་ལས་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་རྒྱུའི་འབོད་སྐུལ་བཏང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་སྔོན་སྔར་ལས་མཛེས་སྡུག་ལྡན་པ་དང་མཚོ་སྔོན་གྱི་མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས། ཁྲིན་ཀང་གིས་མཇུག་མཐར། ལས་བྱེད་པ་རྒན་པར་བརྩི་བཀུར་བྱེད་རྒྱུ་ནི་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་བརྩི་བཀུར་བྱེད་པ་དང་། ལས་བྱེད་པ་རྒན་པར་གཅེས་སྤྲས་བྱེད་རྒྱུ་ནི་ཏང་གི་རྩ་ཆེ་བའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་པ། ལས་བྱེད་པ་རྒན་པར་སློབ་སྦྱོང་བྱེད་རྒྱུ་ནི་ཏང་གི་ཕུལ་བྱུང་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་པ་དེ་ཡིན་པས། ལས་བྱེད་པ་རྒན་པར་ཆབ་སྲིད་སྟེང་ནས་སྔར་ལས་བརྩི་བཀུར་ཐོབ་པར་བྱེད་པ་དང་། བསམ་བློའི་སྟེང་ནས་སེམས་ཁུར་སྔར་ལས་མང་པོ་ཐོབ་པར་བྱེད་པ། འཚོ་བའི་སྟེང་ནས་གཟིགས་སྐྱོང་སྔར་ལས་མང་པོ་ཐོབ་པར་བྱས་ཏེ། ལས་བྱེད་པ་རྒན་པར་བཅངས་པའི་སེམས་ཁུར་དང་གཟིགས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཞུགས་ལས་བྱེད་པ་རྒན་པས་གནས་བབ་སྙན་ཞུ་ལ་ཉན་པ་དང་། ཚང་མས་མཐའ་གཅིག་ཏུ། སྙན་ཞུའི་བརྗོད་དོན་མངོན་གསལ་བོ་ཡིན་པ་དང་གནས་ཚུལ་དངོས་དང་མཐུན་ལ། གོ་དོན་ཕུན་སུམ་ཚོགས་པ་དང་བརྩེ་སེམས་ཟབ་མོ་ལྡན་པ་དང་། ཞིང་ཆེན་གྱི་གནས་ཚུལ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐད་ཀྱི་སློབ་སྦྱོང་ཐེངས་གཅིག་ཡིན་ལ། རྒྱ་ཆེའི་ལས་བྱེད་པ་རྒན་པས་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་པར་སྐུལ་སློང་ཡང་ཡིན་པ་དང་། ཞིང་ཆེན་ཏང་ཨུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བརྩེ་སེམས་ཟབ་མོ་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པར་བཅངས་པའི་བརྩེ་སེམས་ཟབ་མོ་དང་སེམས་ཁུར་གཟིགས་སྐྱོང་འདུ་ཡོད་པའི་ཚུལ་བསྟན། ཚང་མས་བསྟན་དོན། ཞིང་ཆེན་གྱི་གནས་ཚུལ་དངོས་དང་དཀྱིལ་སྙིང་བྱ་བའི་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་ཆེད་བློ་རིག་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།