ཟླ་དགུ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་པེ་ཉིང་གི་ཙུང་ཐུང་ཐཱ་ལུང་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་པེ་ཉིང་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་པེ་ཉིང་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་དབང་གིས། གཞི་ནས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱོགས་མང་དང་མཐུན་སྦྱོར་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཉིན་རེ་བཞིན་མི་སེམས་ཀྱི་གཏིང་ཟབ་སར་ཟུག་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། པེ་ཉིང་ཕྱོགས་ཀྱི་རིམ་པ་སོ་སོའི་འགྲོ་འོང་སྔར་ལས་དམ་ཟབ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ངས་ཟོལ་མེད་མཛའ་མཉེས་ཀྱི་སྒོ་ནས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ཀྱི་འདུ་ཤེས་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོ་ཚོར་ཐོག་མཐའ་བར་གསུམ་དུ་ལྟ་སྟངས་ཟོལ་མེད་བཟུང་ནས། སྙིང་ཐག་པ་ནས་ཨ་ཧྥེ་རི་ཁ་གླིང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་དེ་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་རྒྱལ་སྤྱིའི་ངོས་ནས་ཨ་ཧྥེ་རི་ཁ་གླིང་དང་མཉམ་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། དཔལ་ཡོན་བཅས་འཕེལ་རྒྱས་ཀྱི་གླིང་ཁུལ་གལ་ཆེན་གྱི་གྲས་ཤིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་དང་། པེ་ཉིང་ཚུད་པའི་ཨ་ཧྥེ་རི་ཁའི་གཅེན་གཅུང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི《ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ》དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་བར་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱས་ནས། ཨ་ཧྥེ་རི་ཁའི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས།
ཐཱ་ལུང་གིས་ཀྲུང་གོ་ནི་པེ་ཉིང་གི་རླབས་ཆེན་གྱི་གྲོགས་པོ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་དུ་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་ལྡན། པེ་ཉིང་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
གྲོས་མོལ་གྲོལ་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས།གཞི་གྲངས་དཔལ་འབྱོར། ཞིང་ལས་ཟས་རིགས། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པེ་ཉིང་སྤྱི་མཐུན་རྒྱལ་ཁབ་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ།
གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཐཱ་ལུང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
བན་དེ་སྐྱབས་ཀྱིས་བསྒྱུར།