ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱས།
2023.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ནས་ཟླ་དགུ་བའི་ཚེས་གཅིག་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་གང་ལེགས་བྱས་ནས། སྤྱོད་ཚུལ་ལེགས་བསྒྱུར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ཉུང་མ་ནུས་སྤེལ་བཏུང་ཆུའི་བཟོ་གྲྭ་དང་རྫོང་དབུལ་སྐྱོར་ཐོན་ལས་ར་བ་ནས། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་འགན་ཁུར་བ་དང་ཐོན་ལས་ར་བའི་གཟུགས་འདས་ཤུལ་བཞག་ལས་གཞིའི་རྒྱུན་འཛིན་པ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ཞིང་ལས་མཉམ་འབྲེལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། ཚན་རྩལ་གསར་གཏོད་ནུས་པ་ཇེ་དྲག་ཏུ་བཏང་སྟེ་ཁེ་ལས་གཞི་རྒྱ་ཅན་དང་ཚོང་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ་དང་། གཟུགས་འདས་ཤུལ་བཞག་གི་རིན་ཐང་སྔོག་འདོན་བྱེད་པ་དང་ཁྱད་ལྡན་ཐོན་ལས་དར་སྤེལ་འཕེལ་རྒྱས་སུ་བཏང་ནས། མང་ཚོགས་ཀྱི་རང་གི་སྒོ་ཁའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས་ཟེར། ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་སྡ་ཆོ་སྡེ་བ་ནས། ཝུའུ་ཞའོ་ཅུན་སྡེ་བའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་འཕྲོད་བསྟེན་ཁང་། ཉེན་དོན་ཁང་། བྱིས་གཉོར་ཁང་བཅས་སུ་སོང་ནས། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་འཚམ་འདྲི་བྱས། ཁོས་བཤད་རྒྱུར། སྔར་ལས་ཆེ་བའི་ཤུགས་ཚད་ཀྱིས་གྲོང་གསེབ་ཀྱི་འཕེལ་རྒྱས་དང་གྲོང་གསེབ་ཀྱི་འཛུགས་སྐྲུན། གྲོང་གསེབ་ཀྱི་བཅོས་སྐྱོང་སོགས་བྱ་བ་གཙོ་བོར་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས། ཧུར་ཐག་སྒོས་སྔར་ལས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བསྐྲུན་བྱེད་དགོས་ཟེར། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། གྲོང་གསེབ་དར་སྤེལ་ཅུའུ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་མཐོ་ཚད་ནས་ལངས་ཏེ། ཟོལ་མེད་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དང་ལས་རིགས་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་རོགས་སྐྱོར་འགན་འཁྲི་བཅས་དངོས་འབེབས་བྱེད་པ་དང་། ཚད་མཐའ་སྲུང་བ་དང་འཕེལ་རྒྱས་འཛིན་པ། དར་སྤེལ་ལ་སྐུལ་བའི་བརྗོད་སྙིང་འདིར་དམ་པོར་དམིགས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱ་བསྐྱེད་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་དགོས་ལ། ཤུགས་ཆེན་པོས་ཡོང་འབབ་འཕར་བའི་བྱ་བ་དམ་འཛིན་དང་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་རོགས་སྐྱོར་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་ཕྱོགས་ཡོངས་ནས་ཞིང་ལས་མཉམ་འབྲེལ་སྐུལ་ཁྲིད་རྐྱེན་སྲོལ་བཙུགས་ནས་རྒྱུན་ཆད་མེད་པར་ནང་གི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། བསྟུད་མར་ལས་གནས་བརྟན་པོའི་ལས་ཞུགས་དམ་འཛིན་བྱེད་པ་དང་ལས་ཞུགས་ལས་གཉེར་གཞི་རྒྱ་གཏན་འཇགས་ཡོང་བར་བྱས་ནས་ལས་ཞུགས་སྤུས་ཚད་མཐོར་འདེགས་བྱེད་དགོས། བསྟུད་མར་རོགས་སྐྱོར་བྱ་བ་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བསྟུད་མར་ཤུགས་བཏོན་ནས་ལས་གཞིའི་མ་དངུལ་གྱི་ལྟ་རྟོག་དོ་དམ་དང་བེད་སྤྱོད་དམ་འཛིན་བྱས་ནས། སྔར་ལས་གཟབ་ནན་གྱིས་ཚད་ལྡན་དོ་དམ་གྱིས་གཏན་འཇགས་ལ་སྐུལ་འདེད་བཏང་ནས་ཕན་ནུས་འདོན་པར་བྱེད་དགོས། བསྟུད་མར་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་བཅོས་སྐྱོང་དམ་འཛིན་བྱེད་པ་དང་། དོན་དངོས་དང་ཟུང་དུ་འབྲེལ་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་བཟོ་སྐྲུན་མང་བོའི་ཉམས་མྱོང་ཁྱབ་གདལ་དུ་བཏང་ནས་འཚོ་གནས་དང་ལས་སྤེལ་ལ་རན་པའི་མཛེས་སྡུག་གི་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།