ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་བརྙན་རིས་ཞུ་ཚིག་ཕུལ།
2023.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་བརྙན་རིས་ཞུ་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་གི་མྱུར་ཚད་མགྱོགས་པའི་སྐབས་ཡིན་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་ཞན་པར་མངོན། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་རེད། འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་དང་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་སོང་བ་དང་། གྲངས་ལྡན་ཅན་དང་རིག་ནུས་ཅན། ལྷད་མེད་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། ལག་རྩལ་གསར་བ་དང་ལས་རིགས་གནས་བབ་གསར་བ། རྣམ་པ་གསར་བ་བཅས་སྣ་མང་བྱུང་སྟེ། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གསོན་ཤུགས་སླར་གསོ་བྱུང་ཡོད་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བབ་བསྟུན་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་ཞིང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་སྒོ་འབྱེད་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཞབས་ཞུའི་སྒོ་འབྱེད་ཀྱིས་དཀྱེལ་ཡངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་མཉམ་ལས་ཀྱིས་མཉམ་འབྲེལ་གཅིག་འདྲེས་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་གསར་གཏོད་ཀྱིས་འཕེལ་རྒྱས་སྒུལ་ནུས་གསོ་སྤེལ་བྱེད་པ། ཞབས་ཞུའི་མཉམ་སྤྱོད་ཀྱིས་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱས་ནས། ལག་རྡང་སྦྲེལ་ཏེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྟུད་མར་སླར་གསོ་བྱེད་པའི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད།

ང་ཚོས་སྔར་ལས་སྒོ་འབྱེད་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་རྒྱུ་ཡིན། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་ཚད་གཞི་མཐོན་པོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་དྲ་རྒྱ་རྒྱ་བསྐྱེད་དེ། ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་གི་ལྡོག་ཕྱོགས་ཀྱི་གསལ་ཁྲའི་གྲོས་མོལ་སྤེལ་བ་དང་། གློག་འཕྲིན་དང་ཡུལ་སྐོར། བཅའ་ཁྲིམས། ལས་རིགས་རྒྱུགས་སྤྲོད་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཚོང་རའི་ཞུགས་ཆོག་ཚད་གཞི་ཇེ་ལྷོད་དུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་སྒོ་འབྱེད་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུའི་ཉོ་ཚོང་གི་ཚད་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་དང་ལམ་ལུགས་རྣམ་པ་ཅན་གྱི་སྒོ་འབྱེད་གཏན་འཇགས་ངང་རྒྱ་བསྐྱེད་དགོས།

ང་ཚོས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྦྲེལ་ཐག་དམ་པོར་བཅིངས་དགོས། རྒྱལ་ཁབ་སོ་སོའི་བར་གྱི་འཕེལ་རྒྱས་འཐབ་ཇུས་དང་མཉམ་ལས་གྲོས་འདོན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱལ་ཁབ་ཀྱི་ཞབས་ཞུའི་ཉོ་ཚོང་དང་གྲངས་ལྡན་ཉོ་ཚོང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རིགས་སྣ་ཚོགས་ཀྱི་ཐོན་ཁུངས་ཆ་རྐྱེན་གྱི་མངའ་ཁོངས་བརྒལ་བའི་འཁོར་རྒྱུག་གི་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་མང་བའི་དཔལ་འབྱོར་མཉམ་ལས་ཀྱི་འཕར་གནས་གསོ་སྤེལ་བྱེད་དགོས།

ང་ཚོས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་ཐབས་ལམ་ལ་ཤུགས་སྣོན་དགོས། ཞབས་ཞུའི་ཉོ་ཚོང་གི་གྲངས་ལྡན་ཅན་གྱི་སྒུལ་ནུས་གསར་བ་མྱུར་དུ་གསོ་སྤེལ་བྱས་ནས་གཞི་གྲངས་ཀྱི་རྨང་གཞིའི་ལམ་ལུགས་སྔོན་ལ་ཚོད་ལྟ་དང་བཅོས་སྒྱུར་བྱེད་པ་དང་གྲངས་ལྡན་ཉོ་ཚོང་གི་བཅོས་སྒྱུར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་དྲོད་རླངས་རང་འགུལ་གྱིས་ཇེ་ཉུང་དུ་གཏོང་བའི་ཉོ་ཚོང་ཚོང་ར་འཛུགས་སྐྲུན་བྱས་ནས། ཞབས་ཞུ་ལས་རིགས་ཀྱིས་ལྷད་མེད་འཕེལ་རྒྱས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་དགོས། ཞབས་ཞུའི་ཉོ་ཚོང་དང་དེང་རབས་ཞབས་ཞུའི་ལས་རིགས། རྩེར་སོན་བཟོ་སྐྲུན་ལས་རིགས། དེང་རབས་ཞིང་ལས་ཀྱི་འདྲེས་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་སྔར་ལས་མང་བའི་གསར་གཏོད་ཀྱི་གསོན་ཤུགས་ཕྱིར་མངོན་པར་བྱེད་དགོས།

ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། གཙོ་བོ་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ་དང་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རང་འགུལ་གྱིས་སྤུས་ལེགས་ཞབས་ཞུའི་ནང་འདྲེན་རྒྱ་བསྐྱེད་དེ། ཤེས་བྱའི་གཅིག་བསྡུས་ཞིབ་ཚགས་ཅན་གྱི་ཞབས་ཞུའི་ཕྱིར་གཏོང་རྒྱ་བསྐྱེད་པར་སྐུལ་མ་གཏོང་བ་དང་། ཀྲུང་གོའི་ཚོང་ར་ཆེན་མོའི་གོ་སྐབས་ཀྱིས་འཛམ་གླིང་ལ་འཕེལ་རྒྱས་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་སྔར་ལས་བཟང་བའི་ཀྲུང་གོའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། འཛམ་གླིང་མི་དམངས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། འཛམ་གླིང་དཔལ་འབྱོར་དེ་སྒོ་འབྱེད་བྱས་ན་དར་བ་དང་བཀག་རྒྱ་བསྡམ་ན་ཉམས་རྒུད་དུ་འགྲོ་སྲིད། ང་ཚོས་མཉམ་དུ་ཐོབ་དཀའ་བའི་རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་མཉམ་སྤྱོད་བྱས་ནས། འཛམ་གླིང་གི་སྔར་ལས་མཛེས་སྡུག་དང་དར་རྒྱས་ཀྱི་མ་འོངས་པ་གསར་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས།

ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་ཟླ་དགུ་པའི་ཚེས་གཉིས་ཉིན་ནས་ཚེས་དྲུག་ཉིན་བར་པེ་ཅིང་ནས་བསྡུས་པ་དང་། བརྗོད་སྙིང་ནི་སྒོ་འབྱེད་ཀྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་མཉམ་ལས་ཀྱིས་མ་འོངས་པར་མཉམ་རྒྱལ་བྱེད་ཅེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།