མཚོ་སྔོན་གྱིས་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་ཉེར་གཉིས་བདམས།
2023.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཞུགས་པའི་འཐུས་མི་ཉེར་གཉིས་བདམས་ཐོན་བྱུང་།

ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ད་ལོའི་ལོ་སྨད་ལ་པེ་ཅིང་དུ་བསྡུ་རྒྱུ་ཡིན་པ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་བགོ་བཤའ་བྱས་པའི་འཐུས་མིའི་གྲངས་ཀ་དང་འཐུས་མིའི་གྲུབ་ཚུལ་གྱི་བསྡུར་ཚད་རེ་བ་གཞིར་བཟུང་ནས། ས་ཁོངས་དང་ལས་རིགས་བཟོ་ཚོགས་ཀྱི་ཚོགས་མིའི་གྲུབ་ཚུལ་གནས་ཚུལ་ལ་བསམ་གཞིགས་བཏང་བ་དང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་འོག་རིམ་ནས་གོང་རིམ་བར་ཡང་དང་བསྐྱར་དུ་གྲོས་སྡུར་བྱས་པ་བརྒྱུད་དེ། ལས་བཟོ་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། ཐད་གཏོགས་བཟོ་ཚོགས་སོ་སོས་ཐོབ་ཐང་ཞིབ་བཤེར་དང་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཐོབ་ཐང་བསྐྱར་བཤེར་བྱས་པར་མ་ཟད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་པ་དང་། འཐུས་མིའི་གྲོས་ཚོགས་སྟེང་འདེམས་བསྐོ་བྱས་མཐར། འཐུས་མི་ཉེར་གཉིས་བདམས་ཐོན་བྱུང་།

བདམས་ཐོན་བྱུང་བའི་འཐུས་མིའི་ཁྲོད། གཞི་རིམ་གྱི་ལས་བཟོ་པ་དང་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ལས་བྱེད་པ། སྔོན་ཐོན་དཔེ་ལེགས་ཅན། གྲངས་ཉུང་མི་རིགས། བུད་མེད་ལས་བཟོ་པ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་བཅས་ཡོད་ལ། འཐུས་ཚབ་རང་བཞིན་ཆེན་པོ་ལྡན་པ་དང་གྲུབ་ཚུལ་ལུགས་མཐུན་ཡིན་ལ། དེས་ཏང་གི་འདོད་བློ་དང་ལས་བཟོ་པ་དང་མང་ཚོགས་ཀྱི་རེ་འདོད་མཚོན་ཐུབ།

རིན་ཆེན་མཚོས་བསྒྱུར།