རྒྱལ་ཡོངས་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་ནས། ཚེས་གསུམ་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་ཆེན་ལ་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་དུ་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་། ཞང་ཀང་དང་ཨོ་མིན་གྱི་འཐུས་མི། ཀྲུང་གོའི་ཕྱིར་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ཚོགས་པའི་གསར་རྙིང་ཚན་ཁག་གི་ཁོངས་མི་བཅས་ལ་མཇལ་འཕྲད་གནང་།
ཚོགས་ཆེན་གྱིས་གསར་དུ་བདམས་པའི་ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་ཀྱི་མིང་ཐོ་དྲིལ་སྒྲོག་བྱས་པ་དང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད། ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་བློ་འདོན་པ་དང་ཕྱི་རྒྱལ་གྱི་ཨུ་ཡོན། མིང་བཏགས་ཨུ་ཡོན་གདན་ཞུ་བྱེད་པའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
ཚོགས་ཐོག་ཏུ། རིམ་པ་སོ་སོའི་ཕྱིར་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། རྒྱ་ཆེའི་ཕྱིར་ལོག་རང་མི་དང་ཕྱིར་ལོག་རང་མིའི་ཁྱིམ་མི། ཕྱིར་སྡོད་རང་མི་བཅས་ལ་མཐུན་སྒྲིལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་བརྒྱུད་རིམ་ཁྲོད། གཟི་བརྗིད་ཀྱི་ལེའུ་གསར་བ་འབྲི་བར་འབད་འཐབ་བྱེད་རྒྱུའི་འབོད་སྐུལ་བཏང་།
ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་བཅས་ཚོགས་ཆེན་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།