མཚོ་སྔོན་ཞིང་ཆེན་གྱིས་ལས་ཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ།
2023.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གིས་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་དེ་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མ་གོ་སྐབས་སུ་བྱས་ཏེ། བསྟུད་མར་ཉིན་འགའི་རིང་ལ། ལས་ཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་ལག་བསྟར་དང་། གཙང་ཆུའི་མཛེས་པར་བསྔགས་པ་ཞེས་པའི་བརྗོད་དོན་ལ་དམིགས་ནས། ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་གསར་བ་ཡིན་པ། ཁྱད་ཆོས་སྣ་མང་བཅས་གཅིག་སྡུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ།

ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ལས་བྱེད་པ་རྒན་པའི་འཐུས་ཚབ་ཁ་ཤས་རྩ་འཛུགས་བྱས་ཏེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་དེད་ནས་འགྱུར་ལྡོག་ལ་བལྟ་བ་དང་གོ་རྟོགས་བསྐྱེད་པའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་བྱ་འགུལ་སྤེལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཆེན་མོ་གདན་དྲངས་ནས་རྐང་ཚ་རྫོང་གི་ཁེ་རིམ་ཐང་དུ་བརྗོད་དོན་ཏང་གི་སློབ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་སློབ་ཆེན་དང་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་སུ་མཉམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་ཁྲིད་འཆར་གཞིའི་ཁྲོད་བཞག་པ་དང་། བྱ་འགུལ་ཚོགས་པའི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་གི་ནང་དོན་ཁྲོད་བཞག་ནས། ལས་བྱེད་པ་རྒན་པའི་གཞུང་ལུགས་རྨང་གཞི་མུ་མཐུད་ཇེ་བརྟན་དུ་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གིས་  “གཙང་གསུམ་འབྱུང་ཡུལ་གྱི་བཀྲགས་མདངས”ཞེས་པའི་དང་བླངས་ཞབས་ཞུའི་གཅིག་གྱུར་སྣེ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་རིགས་སོ་སོའི་དང་བླངས་ཞབས་ཞུའི་བྱ་འགུལ་ཁྲོད་ཧུར་ཐག་གིས་ཞུགས་སུ་བཅུག   ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་།     ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་བཅས་ལས་ཁུངས་བརྒྱད་ཀྱིས་མཉམ་དུ་སྐྱེ་ཁམས་སེམས་སུ་ཉར། སྤྱི་ཕན་ལས་ལ་འབད་ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་སྤྱི་ཕན་བྱ་འགུལ་ཐོག་མ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ན་གཞོན་ཁྲོད་བརྩམས་ཆོས་ཁྲི་ལྷག་བསྡུ་ལེན་དང་། བརྩམས་ཆོས་ཁ་ཤས་འོས་འཚོང་བྱས་པའི་ཐོབ་ཆ་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པར་ཞལ་འདེབས་སུ་ཕུལ་བ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱས།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ས་ཁུལ་དང་ལས་ཁུངས་ཀྱིས་ལས་བྱེད་པ་རྒན་པའི་དང་བླངས་པ་རྩ་འཛུགས་བྱས་ཏེ། གཞིས་ཁུལ་དང་། གྲོང་གསེབ་ཏུ་སོང་ནས། གྲོང་གསེབ་ཁོར་ཡུག་མཛེས་སྒྱུར་གྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་ནས། དཔལ་ཡོན་རྣམ་པ་གསར་བ་དར་སྤེལ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།