ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་དོན་བརྒྱད་འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།
2023.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར་དོན་བརྒྱད་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་གསུམ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཚོགས་འདུར་ཞུགས།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁས། འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ཐད་ནས་ཡོངས་སུ་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོའི་གོ་གནས་ཡང་བསྐྱར་གཏན་ཁེལ་བྱས་ལ། ཀྲུང་གོ་མི་དམངས་ལ་འཛམ་གླིང་གི་ཞི་བདེ་ལ་དགའ་བའི་མི་དམངས་ཀྱི་བརྩི་བཀུར་ཐོབ་པར་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡི་འགན་ཁུར་བློ་མཐུན་དང་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་འཐབ་མོ་བ་རྒན་པ། ན་གཞོན་སློབ་མའི་འཐུས་ཚབ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་གི་སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་བྱས་པ་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་པའི་རླབས་ཆེན་དོན་སྙིང་གསལ་བཤད་བྱས་ལ། ལོ་རྒྱུས་ཡིད་ལ་འཛིན་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ། ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་གསར་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་བླ་མེད་ཀྱི་རེ་འདུན་བཅས་མཚོན་པར་བྱས།

རིན་ཆེན་མཚོས་བསྒྱུར།