ཟླ་དགུ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ལའོ་ཝོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕིན་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལའོ་ཝོ་རྒྱལ་ཁབ་བར་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ།“བློ་མཐུན་དང་སྤུན་ཟླའི”བརྩེ་སེམས་དང་འགན་འཁྲི་གང་ལེགས་མཚོན་པར་བྱས་ནས། ལའོ་ཝོ་ཕྱོགས་ཀྱིས་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དམངས་ཚིས་བརྟན་པོའི་ངང་འཕེལ་རྒྱས་དང་ཇེ་ལེགས་སུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་སྟེང་ནས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བཅས་བྱེད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་ནས། མཐོ་རིམ་གྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་སྒོས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དཔེ་མཚོན་བསྐྲུན་དགོས། ཀྲུང་གོ་དང་ལའོ་ཝོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རིག་གནས་དང་སློབ་གསོ། སྨྱན་བྱེད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་ཕྱོགས་ཀྱིས་སང་ལོ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ལའོ་ཝོ་རྒྱལ་ཚོགས་དང་མཉམ་དུ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་འཆར་འགོད། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་གྲོས་གཞིར་དམ་པོར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱེད་པ། རྒྱལ་ཁབ་གཉིས་ཀའི་ས་གནས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་འདོད་ཡོད། ཕྱོགས་མང་གྲོས་ཚོགས་འཚོགས་སར་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།
སའེ་སུང་ཕིན་གྱིས་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་ཀའི་ལྕགས་ལམ་གྱིས་དཔལ་འབྱོར་རྙིང་བ་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ལའོ་ཝོ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།
གྲོས་མོལ་གྲོལ་རྗེས་ཀྲའོ་ལི་ཅི་དང་སའེ་སུང་ཕིན་གྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ལའོ་ཝོ་རྒྱལ་ཚོགས་བར་གྱི་མཉམ་ལས་གྲོས་མཐུན་སྟེང་མིང་བཀོད།
ཧའོ་མེན་ཅིན་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།