ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཟི་པོ་ལིས་ཡཱ་ལིས་ཚིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་བརྒྱ་དང་དྲུག་ཅུ་འཁོར་བའི་རིང་ལ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཐད་སྤེལ་བའི་གྲུབ་འབྲས་ཕུན་སུམ་ཚོགས་པའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་གི་ཞི་བདེ་དང་ཡར་ཐོན་གྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་གནང་།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་དངོས་སུ་བརྒྱུད་བཞིན་ཡོད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་འགྲན་སློང་མང་བོར་འཕྲད་ཡོད་པ་དང་། འགྲན་སློང་རེ་འགའ་ནི་བལྟས་ན་ཆ་ཡོད་ལྟ་བུར་སྣང་བ་དང་ཡང་འགྲན་སློང་རེ་འགའ་ནི་འགྲན་སློང་གསར་རྐྱང་རེད། གནས་སྟངས་འདི་འདྲའི་འོག་ཏུ། ཀྲུང་གོས་རང་ཉིད་གཅིག་པུའི་སྐྱིད་སྡུག་ལ་མ་བལྟས་པར་འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། ཐུན་མོང་གི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་རིམ་པར་བཏོན་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། གཉིས་ཕན་གཉིས་རྒྱལ་བཅས་མངོན་འགྱུར་ཡོང་བར་བྱས་ཏེ། འཛམ་གླིང་གི་བཅོས་སྐྱོང་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་བཅོས་སྐྱོང་ལ་ཤུགས་སྣོན་ཆེད། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མི་ཆོས་རིང་ལུགས་ནི་དཔལ་ཡོན་མི་འདྲ་བ་གཅིག་སྡུད་བྱེད་པའི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ཤིག་ཡིན། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་དུ་འདུས་པའི“བྱམས་སྐྱོང”དང“གང་ཞིག་རང་གིས་མི་འདོད་པ། ། དེ་ཉིད་གཞན་ལ་སྤྱད་མི་བྱ”ཞེས་པ་སོགས་ཀྱི་བསམ་བློ་དེ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལས་འགུལ་གྱི་དམིགས་ཡུལ་དང་ཕན་ཚུན་སིམ་འདྲེས་བྱས་ཡོད། ཀྲུང་གོས་མི་དམངས་བླ་ན་མེད་པའི་འདུ་ཤེས་བཟུང་ནས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། པྲོག་གསར་རིམས་ནད་འགོག་སྡོམ་ལས་དོན་ལ་རྒྱལ་ཁ་བླངས་ནས། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས་པར་མ་ཟད། ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་ཀྱང་སྤེལ་བ་ཡིན། ཀྲུང་གོ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་བརྩི་བཀུར་ཞུ་མཁན་དང་དེའི་ནང་ཞུགས་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།
ཟི་པོ་ལིས་ཡཱ་ལིས་ཚིས་ཀྱིས་ཀྲུང་གོ་སྐབས་ཞེ་དགུ་པའི་ནན་ཏེན་ཀི་ཨར་བྱ་དགའ་ཐོབ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པར་རྟེན་འབྲེལ་ཞུས་པ་ཡིན་ལ། གནད་འདིའི་སྟེང་ནས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པ་མཚོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་དང་ལག་བསྟར་བྱེད་ཀྱིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་རམ་འདེགས་བྱས་ཡོད། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་བ་བཅས་ཡོད་ཅེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།