ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་སྤྱི་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་སྟེང་གསུང་བཤད་གནང་།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་སྤྱི་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་ཟླ་དགུ་པའི་ཚེས་ལྔ་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཚའེ་ཆི་ཚོགས་འདུར་ཞུགས་ནས་ནན་གྱིས་བསྟན་དོན།  ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོས་བསླབ་ནས་བློ་སྒོ་འབྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པའི་མཛུབ་སྟོན་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁུར་བའི་སྙིང་སྟོབས་ཆེན་པོའི་ངོས་ནས། བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པ་ཚན་རིག་དང་མཐུན་པའི་ངང་ནས་སྤེལ་བར་འཆར་འགོད་ཡག་པོ་དང་རྩ་འཛུགས་ཡག་པོ་བྱེད་དགོས།

ཚའེ་ཆི་ཡིས་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོའི་ཁྲོད་དུ། “དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། བརྗོད་དོན་གཙོ་གནད་འབུར་ཐོན་ཡོང་བར་བྱས་པ་དང་གཙོ་གནད་བྱེད་ཐབས་ཁག་ལ་སྐུལ་འདེད་བཏང་བ་ལས་གཞན། ཏང་ཡོན་ལས་བྱེད་པས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པ་དང་། “སྲུང་སྐྱོང་གཉིས”ཀྱི་རང་རྟོགས་རང་བཞིན་མངོན་སུམ་གྱིས་ཆེ་རུ་ཕྱིན་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་རྒྱ་བསྐྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་བ་བྱུང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མངོན་སུམ་གྱིས་ཇེ་མཐོར་སོང་ཡོད་ཅིང་། ཆབ་སྲིད་སྐྱེ་ཁམས་ལའང་ཉམས་སྣང་གསར་པ་མངོན་ཡོད་ཅེས་གསུངས།

ཚའེ་ཆི་ཡིས་བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོའི་ཁྲོད་ཀྱི་བྱེད་ཐབས་ནུས་ལྡན་དང་ཉམས་མྱོང་ཡག་པོ་ཅི་ཡོད་ནི་བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པ་སྤེལ་རྒྱུར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པས། ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྗོད་དོན་སློབ་གསོ་ཐེངས་གཉིས་པར་རྩ་འཛུགས་ཞིབ་ཚགས་བྱས་ནས་སྤེལ་དགོས། དམིགས་འབེན་དང་བླང་བྱ་ནོར་མེད་དུ་དམ་འཛིན་ཡོང་བར་དོ་སྣང་བྱེད་པ་དང་། རིགས་དབྱེ་ཁྲིད་སྟོན་ལ་ཤུགས་སྣོན་པར་དོ་སྣང་བྱེད་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་བྱེད་པ། འབྲེལ་མཐུད་མཉམ་འགུལ་བྱ་རྒྱུར་དོ་སྣང་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་པ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོ་ཐེངས་གཉིས་པ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་གང་ལེགས་བྱེད་དགོས་པ་དང་། རིམ་པ་བཞིན་འགན་འཁྲི་ནན་མོ་འཁུར་བ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་རྒྱུན་འཁྱོངས་བྱེད་པ། ལས་དོན་ཅི་སྤེལ་མགོ་ཡོད་མཇུག་ཡོད་དང་ལེགས་སྒྲུབ་ཡོངས་འགྲུབ་ཡོང་བ་བཅས་བྱས་ནས། ཕན་འབྲས་དངོས་ཐོན་པར་འགན་ལེན་ནན་མོ་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཁག་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལིས་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།