ལིས་ཆང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་ཀྱི་དགོང་ཟས་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།
2023.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་ལྔ་ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏཱ་རུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་ཀྱི་དགོང་ཟས་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྣེ་ཁྲིད་པ། གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་དང་། རྒྱལ་ཁབ་གཉིས་ཀའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཉིས་བརྒྱ་ཙམ་ཚོགས་འདུར་ཞུགས།

ལིས་ཆང་གིས་འདི་ནི་ངས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་འཁུར་བའི་ཚུན་ལ། ཨེ་ཤ་ཡའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་ཐེངས་ཐོག་མ་ཡིན། ངས་ཧིན་རྡུ་ཉི་ཞི་ཡ་འདི་ཉིད་འཚམས་འདྲིའི་ས་ཚིགས་ཐོག་མ་རུ་བདམས་དོན་ནི། ཡོད་ཚད་འཕེལ་རྒྱས་དང་མཛའ་མཐུན། ཞི་བདེ། མཉམ་ལས་བཅས་ཀྱི་ཆེད་ཡིན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་རྒྱ་མཚོས་བར་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་བཟང་བོ་དང་སྤུན་ཟླ་བཟང་བོ། ཟླ་གྲོགས་བཟང་བོ་བཅས་ཡིན་པས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། རྒྱལ་ཁབ་གཉིས་ནི་ཚོང་དོན་གྱི་ཟླ་གྲོགས་གལ་ཆེན་ཡིན་པས།དངུལ་གཏོང་མཉམ་ལས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་བྱུང་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀའི་མཉམ་ལས་དེ་ཕྱོགས་གཉིས་ཀའི་ཁྱབ་ཁོངས་ལས་བརྒལ་བ་དང་། ས་ཁོངས་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་དཔེ་སྟོན་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས།

ལིས་ཆང་གིས་འགྱུར་ལྡོག་ཇི་ལྟར་ཆེ་ན་སྔར་ལས་འཕེལ་ཕྱོགས་ཆེན་མོ་དང་གཙོ་རྒྱུན་ལ་སྟངས་འཛིན་བྱེད་དགོས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ནི་ང་ཚོ་རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། ཁེ་ལས་པ་གྲགས་ཅན་རྣམ་པས་མཉམ་ལས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མཉམ་ལས་གཏིང་ཟབ་བྱེད་པའི་ཁྲོད་འཕེལ་རྒྱས་དོན་གཉེར་བྱེད་པ་དང་དུས་བབ་དང་བསྟུན་ནས་འབྱུང་འགྱུར་བསྐྲུན་དགོས་ཞེས་གསུངས།

ལིས་ཆང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེ་བ་དང་འབྱུང་འགྱུར་ལ་རེ་ལྟོས་ཆེན་པོ་ཡོད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་ལྗང་མདོག་ནུས་ཁུངས་དང་གཞི་གྲངས་དཔལ་འབྱོར། སྐྱེ་དངོས་སྨན་བཅོས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཐད་སྔར་ལས་རྒྱ་བསྐྱེད་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་ནན་གྱིས་གསུངས།

ལིས་ཆང་གིས་ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཞུགས་ཚད་སྔར་ལས་ཇེ་ཡངས་སུ་བཏང་ལ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཁྲོམ་རའི་སྒོ་མོ་མུ་མཐུད་དུ་ཕྱེས་ནས། ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཁེ་ལས་པ་གྲགས་ཅན་གྱིས་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དང་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་དང་ཁྱབ་སྤེལ་གཏོང་མཁན། སྣེ་ཁྲིད་བྱེད་མཁན་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ལུའུ་ཧུའུ་ཐི་ཡིས་ཤིས་ཚིག་འབུལ་སྐབས། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ནས། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱུང་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།