ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་མཐོ་རིམ་སློབ་གྲྭ་རུ་རྟོག་ཞིབ་བྱས།
2023.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དགུ་པའི་ཚེས་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ལ་རྟོག་ཞིབ་བྱེད་པར་སོང་། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གསོ་ནི་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་ཁྲོད་ཀྱི་རྨང་གཞི་རུ་བརྩིས་ནས་དམ་འཛིན་བྱེད་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། མཐོ་རིམ་སློབ་གསོའི་ནང་རྒྱས་ཀྱི་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ལོ་གཉིས་རིང་གི་དུས་ཚོད་བརྒྱུད་དེ། འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་ལས་གཞི་དེ་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་དུས་རིམ་དུ་སླེབས་ཡོད། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཚོད་ལྟ་ཐོག་ཁང་དང་རིག་གནས་འཆད་ཉན་ཐོག་ཁང་དུ་སོང་ནས། སློབ་རའི་འཆར་འགོད་དང་དགེ་རྒན་དཔུང་སྡེ། བསླབ་ཚན་ཆེད་ལས། ཚོད་ལྟ་ཁང་འཛུགས་སྐྲུན། ཁ་གཏད་རོགས་སྐྱོར་སྤེལ་ཚད་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སློབ་མའི་ཉལ་ཁང་དང་ཞབས་ཞུ་འགན་སྲུང་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་སློབ་ཆེན་ནི་རང་ཞིང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པ་དང་ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ། མཐོ་རིམ་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་བསྐྱེད་པའི་ལས་གཞི་གལ་ཆེན་ཡིན་པས། ཏང་གི་སློབ་གྲྭའི་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སློབ་གླིང་དང་སྡེ་ཁག་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས། ཚད་གཞི་མཐོན་པོ་དང་འགོ་ཚུགས་ས་མཐོན་པོ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་བདེ་འཇགས་ལ་དོ་སྣང་བྱས་ཏེ། དུས་ལྟར་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ཕྱོགས་སོ་སོའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། རྒྱལ་སྤྱིའི་བརྗེ་རེས་ལ་ཤུགས་སྣོན་པ། མཐོ་སྒང་གི་ནམ་ཟླ་སོགས་ཁྱད་ལྡན་དགེ་མཚན་སློབ་ཚན་སྟོབས་ལྡན་དུ་བསྒྱུར་ནས། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་སློབ་ཆེན་འཛུགས་སྐྲུན་བཟང་བོ་བྱེད་དགོས།

མཚོ་སྔོན་དགེ་ཐོན་སློབ་ཆེན་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་སློབ་ཁང་རེ་རེར་སོང་ནས། ཡུལ་དངོས་ནས་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆུང་གི་དགེ་རྒན་སྐྱེད་སྲིང་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གི་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་ཆེས་གསར་བའི་ངོ་སྤྲོད་ལ་ཉན་ཞིང་། ལས་ཚབ་རོགས་སྐྱོར་སློབ་གསོ་དང་དགེ་ཐོན་སློབ་མའི་རྨང་གཞི་སློབ་གསོའི་ཚན་རིག་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་བ། མཐོ་སྒང་གི་གནོད་སྐྱོབ་གནོད་འགོག་ཞིབ་འཇུག་སོགས་བྱ་བར་ཁས་ལེན་གང་ལེགས་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མིག་སྔར། མཚོ་སྔོན་ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་དང་། དགེ་ཐོན་སློབ་གསོའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། བྱང་ཚད་མཐོ་བའི་སློབ་གསོའི་བྱ་བ་སྒྲུབ་མཁན་སྔར་ལས་མང་བོ་སྐྱེད་སྲིང་བྱེད་དགོས། མི་དམངས་མང་ཚོགས་ལ་འགན་ཁུར་བ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་འགན་ཁུར་བ། བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་གྱིས། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་། དགེ་ཐོན་སློབ་མའི་རྨང་གཞི་ཤེས་བྱའི་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། མ་འོངས་པར་དགེ་རྒན་བཟང་བོ་ཞིག་བྱེད་པར་གྲ་སྒྲིག་བཟང་བོ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་རང་ཞིང་གི་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ནས་ཚན་རིག་ཞིབ་འཇུག་སྤེལ་ནས། ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཐད་ཚན་རིག་གི་དཔྱད་གཞི་དང་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས།

མཚོ་སྔོན་མི་རིགས་སློབ་ཆེན་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་སློབ་གྲྭའི་ལོ་རྒྱུས་ཁང་དུ་སོང་ནས། འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་། འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། དཔེ་མཛོད་ཁང་གི་གནའ་དཔེ་ཁང་དུ། རིག་དངོས་རེ་རེའི་ཁྲོད་ནས་ཀྲུང་ཧྭའི་གནའ་བོའི་རིག་གནས་ཉམས་སུ་་མྱོང་ཐུབ། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་མི་རིགས་སློབ་ཆེན་ནི་རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་རྟེན་གཞི་གཙོ་བོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་མཚོན་པའི་སྒེའུ་ཁུང་གལ་ཆེན་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་བྱེད་པ་དང་། སློབ་སྒྲུབ་ཀྱི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ། སློབ་སྒྲུབ་ཀྱི་ངེས་གནས་བརྟན་སྲུང་བྱས་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལ་ཞབས་འདེགས་ཞུ་བ་དང་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་ཆེད་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། རྩ་ཆེ་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ལ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། ཧུར་ཐག་གིས་རིག་གནས་ཀྱི་གཅེས་ནོར་དེ་མི་སྔར་ལས་མང་བོར་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་དུ་འཇུག་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་གཉིས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།