ཟླ་དགུ་པའི་ཚེས་བཞི་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་གཙོ་བོའི་སྒྲུབ་བཤེར་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། “མཚོ་སྔོན་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་བརྟན་འཇགས་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི”སྐོར་ལ་དམིགས་ཏེ་གྲོས་གཞི་གཙོ་བོར་སྒྲུབ་བཤེར་དང་གྲོས་མོལ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་དང་། ལིའུ་ཏ་ཡེ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཆེད་ལས་མཁས་པ་བཅས་ཚོགས་འདུ་ལ་ཞུགས།
ཚོགས་ཐོག་ཏུ། གྲོས་གཞི་འདོན་མཁན་གྱིས་གྲོས་གཞིའི་ནང་དོན་དང་རྒྱབ་ལྗོངས་མཚམས་སྦྱོར་བྱས། ཞིང་ཆེན་ནགས་རྩྭ་ཅུའུ་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱིས་སོ་སོར་གྲོས་གཞི་སྒྲུབ་ལུགས་ཀྱི་གནས་ཚུལ་སྙན་ཞུ་བྱས་ལ། ཚོགས་ཞུགས་མི་སྣ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཤིང་། འབྲེལ་ཡོད་བྱ་བའི་ཐད་བསམ་འཆར་དང་གྲོས་གཞི་བཏོན། ཚང་མས་གཅིག་གྱུར་གྱིས་བལྟས་ན། མཚོ་སྔོན་ཞིང་ཆེན་ནི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། རྩྭ་ས་ནི་མཚོ་སྔོན་གྱི་ཆེས་ཁྱབ་ཆེ་བའི་རང་བྱུང་ཐོན་ཁུངས་ཡིན་ལ། མདོ་དབུས་མཐོ་སྒང་དང་ཡང་ན་རྒྱལ་ཡོངས་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་རའང་ཡིན། རྩྭ་སའི་སྐྱེ་ཁམས་མ་ལག་བརྟན་འཇགས་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ། གྲང་ངར་ཆེ་བའི་ས་ཆའི་སྐྱེ་ཁམས་མ་ལག་དོ་སྙོམས་སྲུང་འཛིན་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བསྐྲུན་པ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་འཚོ་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། རྩྭ་སའི་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་དེང་གི་བྱས་རྗེས་དང་། ལོ་ངོ་སྟོང་ཕྲག་གི་བྱ་གཞག་ལ་ཕན་པས། སྤྱི་ཚོགས་ཡོངས་མཉམ་ཞུགས་བྱས་ཏེ། ནུས་པ་རྒྱུན་ཆད་མེད་པར་འདོན་པ་དང་མིག་རྒྱང་རིང་བའི་བྱས་རྗེས་འཇོག་དགོས།
མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྐབས་བསྟན་དོན། མཚོ་སྔོན་གྱི་རྩྭ་ཐང་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ཏེ་གྲོས་གཞི་གཙོ་བོའི་སྒྲུབ་བཤེར་བྱ་བ་སྤེལ་བ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དངོས་འབེབས་བྱེད་པར་སྐུལ་མ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཞི་རྩའི་མངོན་སྟངས་ཤིག་ཀྱང་ཡིན། ཐེངས་འདིའི་སྒྲུབ་བཤེར་གྱི་གྲོས་གཞི་གཙོ་བོའི་ལངས་གནས་མཐོ་ལ། དམིགས་ཚད་ཡང་དག་ཅིང་གྲོས་འདོན་བྱས་པ་དོན་དངོས་དང་མཐུན་པས། འགན་སྒྲུབ་ལས་ཁུངས་སོ་སོས་ཚད་མཐོའི་མཐོང་ཆེན་དང་། སྒྲུབ་ལུགས་འགན་འཁྲི་དངོས་འབེབས་ནན་མོ་བྱས་ནས། བྱ་བའི་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་ཡོད་ལ། མཚོ་སྔོན་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་བརྟན་འཇགས་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་བཟང་བོ་འདོན་སྤེལ་བྱས་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། གྲོས་གཞི་གཙོ་བོ་སྒྲུབ་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ཏེ། སྒྲུབ་ལུགས་ཕན་འབྲས་མུ་མཐུད་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཕྱོགས་ཡོངས་ནས་རམ་འདེགས་བྱེད་དགོས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། རྩྭ་སའི་སྐྱེ་ཁམས་མ་ལག་དམ་འཛིན་གང་ལེགས་བྱེད་དགོས་པའི་དོན་སྙིང་གལ་ཆེན་ངོས་ཟིན་པར་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩྭ་སའི་སྐྱེ་ཁམས་མ་ལག་བརྟན་འཇགས་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས། འགན་སྒྲུབ་ལས་ཁུངས་སོ་སོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་པ་གོ་སྐབས་སུ་བྱས་ཏེ། ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། གསར་གཏོད་བསམ་གཞིགས་ཤུགས་དྲག་ཏུ་གཏོང་བ། བྱ་བའི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་བ། ཚད་གཞི་མཐོན་པོས་གྲོས་གཞིར་ལན་འདེབས་པ་སོགས་གཞུག་གི་བྱ་བ་ལེགས་པོར་སྒྲུབ་ནས། རྩྭ་སའི་སྐྱེ་ཁམས་ཀྱི་རྣམ་པ་གསར་བ་མཉམ་དུ་བསྐྲུན་དགོས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་ཆད་མེད་པར་རྩྭ་སའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་ལས་དོན་ལ་ཧུར་བརྩོན་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་མང་བོ་བརྩོན་ལེན་བྱེད་པ། རྩྭ་སའི་ཡུན་མཐུད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་སྔར་ལས་བརྟན་པོར་བསྐྲུན་ཆེད་སྲིད་གྲོས་ཀྱི་ཇུས་གཞི་འདོན་སྤྲོད་དང་། མཚོ་སྔོན་གྱི་མཚན་སྙན་རྒྱས་པར་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།