མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཚན་རྩལ་ལག་རྩལ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ནགས་ལས་རྩྭ་ས་ཅུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་ཀྱིས་རོགས་སྒྲུབ་བྱས་པའི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཤེས་ཡོན་པའི་གླེང་སྟེགས་ཏེ་ཐཱན་ཉོ་ཚོང་གི་འཐུབ་ཇུས་བཀོད་སྒྲིག་ཁྲོད་འདྲེས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་རོགས་འདེགས་བྱེད་པའི་མཉམ་གཤིབ་ཡན་ལག་གླེང་སྟེགས་ཟླ་དགུ་པའི་ཚེས་དྲུག་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གླེང་སྟེགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
གླེང་སྟེགས་སྟེང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པས་ཏང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་དམིགས་ནས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། རང་སྟོབས་རང་སྤེལ་དང་དཀའ་ཁག་ཁྱད་སེལ་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཐཱན་གཉིས་བྱ་བ་བཟང་བོ་སྒྲུབ་པར་མཛུབ་སྟོན་བྱས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ལ་རྐང་བཙུགས་ཏེ། རྒྱལ་སྤྱིའི་ལྗང་མདོག་ཉོ་ཚོང་ཐད་ཀྱི་དཀའ་གནད་ལ་ཁ་གཏད་འཇལ་བ་དང་། ལྗང་མདོག་ཐོན་ལས་ཀྱི་ཕྲེང་འབྲེལ་འཛུགས་པའི་མཚོ་སྔོན་གྱི་ཇུས་གཞི་བཏོན། རྒྱལ་སྤྱིའི་ཆ་ཚང་བའི་ཐཱན་ཚོང་རའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགྲེལ་བཤད་བྱས་པ་དང་། ཐཱན་གོང་བརྟན་འཇགས་རྐྱེན་སྲོལ་དང་ཐཱན་ཚོང་རའི་ལྟ་སྐུལ་དོ་དམ་སོགས་འགྲེལ་ཀློག་བྱས་ལ། རང་རྒྱལ་གྱི་ཐཱན་ཚོང་ར་འཛུགས་སྐྲུན་བྱེད་པ་དང་། ཐཱན་ཉོ་ཚོང་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲོས་གཞི་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཐཱན་ཉོ་ཚོང་ལག་ལེན་སྤེལ་བར་མཛུབ་སྟོན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།
ཚང་མས་མཐའ་གཅིག་ཏུ། མུ་མཐུད་དུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་འཇོག་པ། ལྗང་མདོག་ཚན་རྩལ་དང་ཤེས་ལྡན་མི་སྣ་སྣེ་ཁྲིད་དུ་བྱེད་པ། ལྗང་མདོག་འཕེལ་རྒྱས་དངུལ་གཏོང་མཉམ་བསྲེས་མ་དཔེ་གསར་གཏོད་བྱེད་པ། སྐྱེ་ཁམས་མ་ལག་གི་མཉེན་ཤུགས་མཐོར་འདེགས་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་རྣམ་པ་དང་འཚོ་བའི་རྣམ་པ། བར་སྟོང་རྣམ་པ་གྲུབ་པར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་དང་བློ་གྲོས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།