ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། རང་ཞིང་གི་ས་མཐོའི་ཐོན་ཁུངས་ནུས་ཁུངས་དང་ཁྱད་ལྡན་ཀྲུང་བོད་སྨན་རྫས་ཀྱི་ཐུན་མིན་དགེ་མཚན་ལ་གཞི་བཅོལ་ཏེ། ཕྱོགས་བསྡུས་ཇུས་བསྟར་དང་། ཐོན་ཁུངས་སྡེབ་སྒྲིག་བྱས་ཤིང་། གོ་སྐབས་དམ་འཛིན་བྱས་ཏེ་སྨན་རྫས་བཟོ་ལས་དང་སྨན་བཅོས་སྒྲིག་ཆས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུ་འདོན་སྤྲོད་ལ་ཤུགས་བསྣན་ནས། སྡོད་ཁང་འཛུགས་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་གནས་ཚུལ་སྙན་ཞུ་ལ་ཉན་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན། ཡོངས་ཁེབས་ཅན་གྱི་གཙོ་སྐྱོང་ཁྲོམ་རའི་ཞབས་ཞུའི་མ་ལག་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། སྲིད་ཇུས་འདོན་སྤྲོད་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས། དྭངས་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། ཁྲོམ་ར་དང་ཚོང་གཉེར་གཙོ་གཞི་གསོ་སྐྱོང་དང་རྒྱ་སྐྱེད་བཏང་སྟེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་སྐབས་གཉིས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བྱ་བའི་སྤྱི་སྡོམ་དང་། ཉིས་སྟོང་ཉེར་གསུམ་ལོའི་“རྒྱུད་གཅིག་ལམ་གཅིག”དག་གཙང་ནུས་ཁུངས་འཕེལ་རྒྱས་གླེང་སྟེགས་ལ་གྲ་སྒྲིག་བྱེད་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཉམས་མྱོང་སྤྱི་སྡོམ་བཟང་པོ་བྱེད་པ་དང་། མུ་མཐུད་དུ་ལེགས་བཅོས་དང་མཐོར་འདེགས་གཏོང་བ། གྲུབ་འབྲས་སྲ་བརྟན་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ཤུགས་འདོན་དགོས། རྒྱལ་སྤྱི་ཅན་དང་། རྩེར་སོན་ཅན། ཆེད་ལས་ཅན། ཁྱད་ཆོས་ཅན། ཞིབ་ཚགས་ཅན་བཅས་འབུར་དུ་ཐོན་པར་བྱས་ཏེ། བསམ་ཕྱོགས་གསར་གཏོད་དང་རྩ་འཛུགས་ཞིབ་མོ་བྱེད་པ། བདེན་འཚོལ་དངོས་གཉེར་དང་གྲོན་ཆུང་བྱེད་པ། སྤུས་ཚད་མཐོན་པོས་“རྒྱུད་གཅིག་ལམ་གཅིག”གི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གླེང་སྟེངས་ཡག་པོར་སྒྲུབ་དགོས་པ་བཅས་ནན་གྱིས་བསྟན།
གྲོས་ཚོགས་ལས་བཟོ་བསྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བསྡུ་འགུག་འགན་གཉེར་དང་འཕྲིན་བཅར་བྱ་བ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་བར་ཞིབ་འཇུག་བྱས། གཙོ་གཞིའི་འགག་སྒོ་དང་། བརྒྱུད་རིམ་འགག་སྒོ། ལྟ་སྐུལ་འགག་སྒོ། གསར་གཏོད་འགག་སྒོ་བཅས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་བསྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བསྡུ་འགུག་འགན་གཉེར་གྱི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་དགོས། དུས་རབས་གསར་བའི་“ཧྥིན་ཆའོ་ཉམས་མྱོང”དང་“ཕུའུ་ཅང་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། འཕྲིན་བཅར་གནད་དོན་གྱི་མགོ་ཁུངས་བཅོས་སྐྱོང་བྱ་བའི་ལོ་གསུམ་འགུལ་སྐྱོད་ནན་ཏན་སྒོས་སྤེལ་ནས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་བཅར་འདྲི་དང་ལེན་བྱེད་པ་དང་། བཅར་འདྲིར་བསྐྱོད་པ། སྒྲུབ་འགན་ཁུར་ནས་འཕྲིན་བཅར་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་དཀའ་ཁག་དང་འགལ་ཟླ་དུས་ལྟར་ཐག་གཅོད་དགོས་པ་སོགས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། 《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཇུས་གཞི》དང་《མཚོ་སྔོན་འཐེན་ཐུག་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར》ལ་གྲོས་ཞིབ་བྱས་པ་དང་རྩ་དོན་སྟེང་གྲོས་འཆམ་བྱུང་། སྲིད་ཇུས་མཐུན་སྦྱོར་ཤུགས་དྲག་ཏུ་གཏོང་བ་དང་གཙོ་གནད་བྱ་བ་དངོས་སྒྲུབ་དམ་འཛིན་བྱེད་པ་། རྒྱུ་རྐྱེན་འཁོར་སྐྱོད་སྟབས་བདེ་རུ་བསྒྱུར་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ། བྱ་བའི་འགན་འཁྲི་ནན་དཀྲི་བྱེད་པ་བཅས་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་ཁྲོད་མྱུར་དུ་འདྲེས་པར་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ཁུངས་སྡེབ་སྒྲིག མ་ལག་འཛུགས་སྐྲུན། ཚོང་རྟགས་གསོ་སྐྱོང་སོགས་ཤུགས་དྲག་ཏུ་བཏང་སྟེ། ཚད་གཞི་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན། ཚོང་རྟགས་ཅན་བཅས་ཀྱི་འཛུགས་སྐྲུན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མཚོ་སྔོན་འཐེན་ཐུག་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།