ལིས་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས།

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས།

ལིས་ཆང་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ལམ་སྲོལ་དེ་ཉམས་ཉེན་སྣ་ཚོགས་ཀྱི་ཚོད་བགམ་སྣ་མང་ལ་འཕྲད་པ་དང་། ས་ཁུལ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་དང་ཐ་ན་ཨེ་ཤ་ཡའི་རྒྱལ་ཁབ་ཧྲིལ་པོའི་ངོས་ནས་བཤད་ན། ང་ཚོར་ཐུན་མོང་གི་ཁྱིམ་གཞིས་དང་ཐུན་མོང་གི་ཁེ་ཕན། ཐུན་མོང་གི་གོ་སྐབས་ཡོད། ཨེ་ཤ་ཡའི་ཞི་བདེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས། འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ས་ཁུལ་མཉམ་ལས་ཀྱི་དམིགས་བསལ་གནས་བབ་སྟེང་བཞག་ནས། འགོག་རྐྱེན་སྣ་ཚོགས་ཁྱད་སེལ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། སྔར་ལས་བརྟན་པོ་དང་སྔར་ལས་གསོན་ཤུགས་ཆེ་བ། སྔར་ལས་ཀུན་ཕན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་སྟེང་འབད་པས་བསྐྱོད་དགོས། ལས་དོན་ཁག་གསུམ་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད་ཀྱི་ཁེ་ཕོགས་འདོན་གང་ཐུབ་བྱེད་པ། ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱེད་ཐུབ་པར་སྐུལ་འདེད་གཏོང་བ། ཚོང་དོན་དངུལ་གཏོང་རྒྱ་བསྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་སོ་སོས་ཞང་ཀང་འདི་ཉིད་ཁག་དང་པོའི་ཁོངས་གཏོགས་རྒྱལ་ཁབ་གསར་བའི་ངོས་ནས་གྲོས་ཆོད་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། གཉིས་ནས་ས་ཁུལ་གྱི་ཐོན་ལས་ལས་བགོས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་གྱི་ཐོན་ལས་ཕྲེང་འབྲེལ་དེ་བདེ་འཇགས་དང་ཤར་གཏོང་ཐུབ་པའི་ཁྲོད་དུ་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ལ་མུ་མཐུད་ཤུགས་བསྣན་ནས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གཞི་གྲངས་དཔལ་འབྱོར་དང་ནུས་ཁུངས་གཙང་མ། ནུས་ཁུངས་གསར་བའི་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་འཕར་གཞི་གསར་བ་སྔར་ལས་གང་མང་མཉམ་དུ་གསོ་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་འཇར་པན་ཧྥུའུ་ཏའོ་ཡི་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོའི་ནང་འདོར་བའི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ནས། ཉིང་རྡུལ་བཙོག་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་དང་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པས། འཇར་པན་ཕྱོགས་ཀྱིས་རང་ཉིད་ཀྱི་རྒྱལ་སྤྱིའི་འོས་འགན་ལྷག་བསམ་རྣམ་དག་ངང་ལག་བསྟར་དོན་འཁྱོལ་བྱས་ནས། ཁྱིམ་མཚེས་རྒྱལ་ཁབ་སོགས་ཀྱི་ཁེ་ཕན་འབྲེལ་ཡོད་ཕྱོགས་དང་གྲོས་མོལ་གང་ལེགས་བྱས་ཏེ། འགན་འཁུར་བའི་ངོས་ནས་ཉིང་རྡུལ་བཙོག་ཆུ་ཐག་གཅོད་བྱེད་དགོས་ཞེས་གསུངས།

ཚོགས་ཞུགས་མགོ་ཁྲིད་པས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ཀྱིས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ་དང་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅིང་། ཕྱོགས་སོ་སོས་མཐུན་སྦྱོར་འགུལ་སྐྱོད་སྤེལ་ནས། དཔལ་འབྱོར་ཚོང་དོན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་ཏེ། ཨེ་ཤ་ཡ་ཤར་མ་འདི་ཉིད་ཞི་བདེ་དང་འཕེལ་རྒྱས་ཀྱི་ལྟེ་གནས་ཤིག་ཏུ་བསྐྲུན་དགོས་ཞེས་བསྟན།

ཚོགས་ཐོག་ནས་གློག་སྒུལ་རླངས་འཁོར་གྱི་སྐྱེ་ཁམས་མ་ལག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་གྲོས་འཆམ་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།