ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡ་རུ། ཀྲུང་གོ་དང་མཉམ་ལས་བྱེད་པའི་སྣེ་ཁྲིད་པ་དང་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐུ་དང་། འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་པུའུ་ཏིས་ཀྱི་ཕེབས་རོགས་འོག་ཏུ། ཡཱ་ཝན་མྱུར་བགྲོད་ལྕགས་ལམ་ལ་རྟོག་ཞིབ་གནང་།
ལིས་ཆང་གིས་ཡཱ་ཝན་མྱུར་བགྲོད་ལྕགས་ལམ་བསྐྲུན་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་རྗེས། ཨེ་ཤ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་ཐོག་མ་ཡིན་པའི་ཡཱ་ཝན་མྱུར་བགྲོད་ལྕགས་ལམ་ནི། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙའོ་ཁི་རྣམ་གཉིས་ཀྱིས་སྐུ་ངོ་མས་དོ་ཁུར་བྱས་ནས་སྐུལ་འདེད་བཏང་བའི། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”ལ་མཉམ་ལས་བཀོད་འདོམས་བྱེད་པའི་སྣེ་འདྲེན་ལས་གཞི་ཞིག་ཡིན་པ་དང་། དེ་ནི་ས་ཁུལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་པའི་དཔེ་མཚོན་ལེགས་པོ་ཞིག་ཀྱང་ཡིན། ཕྱོགས་གཉིས་ཀས་གྲ་སྒྲིག་ལས་དོན་ཁག་ཚང་མ་ཡག་པོ་སྒྲུབ་ནས། མྱུར་བགྲོད་ལྕགས་ལམ་ཚད་གཞི་མཐོན་པོའི་སྒོ་ནས་ཤར་གཏོང་ཐུབ་པར་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་གཉེར་སྐྱོང་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས།
དེའི་རྗེས་ལིས་ཆང་ཡཱ་ཝན་མྱུར་བགྲོད་མེ་འཁོར་ནང་ཚོད་ལྟའི་ཚུལ་གྱིས་བསྡད་དེ། ཁཱ་ལ་ཝང་ས་ཚིགས་ཀྱི་སྒུག་སྟེགས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་བསྟན་དོན། མྱུར་བགྲོད་ལྕགས་ལམ་གྱིས་གྲོང་ཁྱེར་བར་གྱི་བར་སྟོང་དང་བར་ཐག་ཇེ་ཐུང་དུ་བཏང་བར་མ་ཟད། ད་དུང་ཐོན་ལས་གྲུབ་ཆ་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱས་ནས། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་སྟེར་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡར་ཉམས་མྱོང་ཕུན་སུམ་ཚོགས་པོ་མཉམ་སྤྱོད་བྱས་ཏེ། མྱུར་བགྲོད་ལྕགས་ལམ་ལ་བརྟེན་ནས་བྱ་གཞག་བསྐྲུན་ཏེ། གྲོང་ཁྱེར་དར་རྒྱས་གཏོང་བའི་དོན་ཆེན་དེ་མཉམ་དུ་ཡག་པོར་སྒྲུབ་འདོད་ཡོད། ཕྱོགས་གཉིས་ཀས་ཡང་འབད་བསྐྱར་འབད་བྱས་ནས། རང་ས་ཁུལ་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མུ་མཐུད་འབད་པས་ཞུགས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་དང་ས་ཁུལ་གྱི་འཕེལ་རྒྱས་དར་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས།
ཝུའུ་ཀྲིན་ལུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།