ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་ཟི་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་ཟི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བདེ་ཐང་དང་བརྟན་ལྷིང་གི་ཀྲུང་ཨོ་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་བསམ་འདུན་དང་ཡོངས་སུ་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་སླར་གསོ་བྱ་རྒྱུ་དམ་འཛིན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་ལེགས་ཇེ་རྒྱས་སུ་འགྲོ་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་འདོད་ཡོད་ཅིང་། གོ་སྐབས་མཉམ་སྤྱོད་ཁྲོད་དུ་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཨོ་སི་ཁྲུ་ལི་ཡ་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་སོ་སོར་སྔར་ལས་ཆེ་བའི་ཁྲོམ་ར་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

ཨར་པ་ཉི་ཟིས་ཨོ་ཀྲུང་བར་གྱི་འབྲེལ་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཆོས་རིག་གནས་བརྗེ་རེས་འགྲོ་འོང་ཇེ་ལེགས་སུ་གཏོང་བ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། བརྟན་ལྷིང་དང་དགེ་མཚན་ལྡན་པའི་ཨོ་ཀྲུང་གི་འབྲེལ་བ་འཛུགས་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།