ཧྲང་ཧེ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྦྲེལ་མཐུད་བྱས།
2023.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར།    ཧྲང་ཧེ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྦྲེལ་མཐུད་བྱས་ཏེ་ཧྲང་ཧེ་དང་མཚོ་སྔོན་བར་གྱི་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཟི་ལིང་དུ་འཐུས་ཚབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་བའི་ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གུང་ཀྲིན་དང་དེ་མིན་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིར་ཐུག་འཕྲད་བྱས།  ཝུའུ་ཞའོ་ཅུན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་འགོ་འཛིན་བྱས་ཏེ་ཧྲང་ཧེ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།   གུང་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་གི་ཚབ་བྱས་ཏེ།   ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལོ་མང་པོར་མཚོ་སྔོན་དང་ལྷག་པར་དུ་མགོ་ལོག་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་།    ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་དང་དེ་དག་གི་ཁྱིམ་མིའི་བརྟན་སྲུང་དང་བློས་གཏོང་ལ་བླ་མེད་གུས་འདུད་ཞུས་པ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས།  ཁོས་བཤད་རྒྱུར།   ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲང་ཧེ་བྱ་བའི་ཐད་ཀྱི་མཛུབ་སྟོན་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བསྐྲུན་པར་ཞབས་འདེགས་ཞུས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་བླངས་པའི་ཁྱབ་ཁོངས་སོ་སོའི་གྲུབ་འབྲས་ཀྱིས་མི་ཚང་མར་སྐུལ་མ་ཐེབས་ཐུབ།   མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཁ་འབྲལ་ཐབས་མེད་ལ།   མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་དང་ཁ་འབྲལ་ཐབས་མེད་པར་མ་ཟད།    ཧྲང་ཧེ་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བླ་མེད་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད།   མཚོ་སྔོན་ཞིང་ཆེན་དང་ཧྲང་ཧེ་གྲོང་ཁྱེར་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་མདུན་དུ་བསྐྱོད་པ་དང་ས་གནས་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱེད་རྒྱུ་ནི་དུས་རབས་གསར་བར་ཕུལ་བའི་ཆེས་བཟང་བའི་གུས་འདུད་ཡིན།   ལོ་མང་བོའི་རིང་ལ།   ཧྲང་ཧེ་སོགས་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྐོར་ཁག་མང་བོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་མང་བོ་མཚོ་སྔོན་དུ་དོན་འཁྱོལ་བྱས་ནས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་དང་མཛའ་བརྩེ་ཟབ་མོ་ཆགས་པ་དང་།   མཐོ་ས་བསྐྲུན་པ་དང་གནས་བཞི་འཛུགས་སྐྲུན་བྱེད་པ།   རིགས་སོ་སོའི་མི་དམངས་ཀྱིས་བརྗེ་རེས་དང་འབྲེལ་འདྲིས། མཉམ་བསྲེས་བཅས་བྱེད་པའི་ཁྲོད་དུ་མཛེས་སྡུག་གི་གཟུགས་གཞི་ཕབ་ཡོད།   རོགས་སྐྱོར་བྱེད་ཡུལ་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་།   སྟོབས་ཤུགས་ཅི་ཡོད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིར་ལས་སྒྲུབ་ལས་སྐྲུན་དང་ཡར་ཐོན་ཡོང་བའི་ཐད་འགན་སྲུང་འདོན་སྤྲོད་བྱེད་པ།   མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་གཟོ་འབད་འཐབ་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གུང་ཀྲིན་གྱིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྲང་ཧེའི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།  ཁོས་བཤད་རྒྱུར།   ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།    ཁྱབ་ཚད་རྒྱ་བསྐྱེད་པ་དང་ཟབ་ཚད་སྔོག་འདོན་བྱེད་པ། ཤུགས་ཚད་ཆེ་རུ་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་།    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་སྔར་ལས་བཟང་བོ་བྱེད་དགོས།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པར་དམིགས་ནས་ཁ་གཏད་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་དགོས།   ཐོན་ལས་རོགས་སྐྱོར་སྟོབས་ལྡན་དུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་རུ་བྱེད་པ།    ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ་མགོ་ལོག་སྤུས་འདེགས་ནུས་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རོགས་འདེགས་བྱེད་དགོས།   འཛད་སྤྱོད་རོགས་སྐྱོར་ཆེ་རུ་གཏོང་བ་དང་ཧྲང་ཧེའི་དགེ་མཚན་འདོན་སྤེལ་བྱས་ཏེ་མགོ་ལོག་གི་སྤུས་ལེགས་ཐོན་རྗས་ཧྲང་ཧེར་བསྐྱོད་པ་དང་རྒྱལ་ཡོངས་སུ་ཕྱིར་འཚོང་བྱེད་པར་རོགས་སྐྱོར་བྱེད་དགོས།   དམངས་ཚིས་རོགས་སྐྱོར་ལེགས་པོར་བསྒྲུབ་པ་དང་ཚོགས་སྒྲིག་རྣམ་པའི་སློབ་གསོ་དང་སྨན་བཅོས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ།   ངེས་གཏན་དང་གཏན་འཁེལ་རྣམ་པའི་ལས་རིགས་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས།   མི་རིགས་མཐུན་སྒྲིལ་ཡར་ཐོན་ཇེ་དྲག་ཏུ་གཏོང་བར་དམིགས་ནས་རིག་ནུས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་སྤྱི་ཚོགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་སྟེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་མི་རིགས་མཐུན་སྒྲིལ་གྱི་བཟོ་སྐྲུན་དུ་འགྱུར་བར་བྱེད་དགོས།   ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་བརྟན་སྲུང་དང་འབད་འཐབ་ལ་ཁ་འབྲལ་ཐབས་མེད་པས།   ཚང་མས་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་ཁག་ཁུར་བྱེད་ཕོད་པར་བྱས་ཏེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།    སྤྱི་ཚོགས་དམངས་ཚིས་ཀྱི་མི་འདང་ས་ཁ་གསབ་བྱེད་པར་རོགས་འདེགས་བཅས་བྱས་ཏེ་ཕན་ཚུན་བར་བརྗེ་རེས་དང་འབྲེལ་འདྲིས། མཉམ་བསྲེས་ཟབ་མོ་བྱེད་རྒྱུ་ནི་རེ་བ་ཡིན།   ས་གནས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ།  མགོ་ལོག་གི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།   ཉེ་བའི་ལོ་འགའི་རིང་ལ།   ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མཚོ་སྔོན་ལ་ཁ་གཏོད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཧྲང་ཧེའི་ཕྱོགས་བསྡུས་ནུས་པའི་དགེ་མཚན་དེ་མཚོ་སྔོན་དང་དེ་མིན་མགོ་ལོག་གི་ཐོན་ཁུངས་དགེ་མཚན་དང་སྦྲེལ་མཐུད་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ་རོགས་སྐྱོར་མཉམ་ལས་སྔར་ལས་ཇེ་ཟབ་དང་རོགས་སྐྱོར་སྔར་ལས་ནུས་ལྡན།   རོགས་སྐྱོར་བྱེད་ཐབས་སྔར་ལས་གནད་ཕིགས།  རོགས་སྐྱོར་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་བཅས་ཡོང་བར་བྱས།    ང་ཚོས་དྲིན་གཟོ་འབད་འཐབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རོགས་སྐྱོར་མཉམ་ལས་བྱ་བའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིབས་ཞིབ་གནང་སྐབས་ཀྱི་གསང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་།   བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཇུད་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་སྤུས་ཚད་ཕན་འབྲས་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་།   བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།  རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས།  བྱེ་མ།  འཁྱགས་རོམ་བཅས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ནང་རྐྱེན་མངོན་འགྱུར་བྱེད་པ།  ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ཕྱོགས་ཀྱི་མཉམ་ལས་ཤུགས་ཚད་ཆེ་རུ་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པར་མ་ཟད།   བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།   ས་གནས་གཉིས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།  གནས་བཞིའི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ།   ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བཀོལ་སྤྱོད་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་གྱི་གཞི་གྲངས་འཕེལ་རྒྱས་ལ་ནུས་ཤུགས་བསྩོལ་རྒྱུ་ཡིན་ལ།   བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་དམ་འཛིན་བཟང་བོ་བྱེད་པ།  ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།   གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཆེ་རུ་གཏོང་བ་དང་།   བློ་བརྟན་འགྱུར་མེད་ངང་བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་ཡོད་པའི་སྐབས་སུ།   འཐུས་ཚབ་ཚོགས་པ་མགོ་ལོག་གི་ཟི་ལིང་མི་རིགས་སློབ་འབྲིང་དང་མགོ་ལོག་ཁུལ་རྨ་སྟོད་རྫོང་གི་བྱིས་གཉོར་ཁང་གཉིས་པ།   རྨ་ཆུའི་འགོ་ཁུངས།   མགོ་ལོག་ཁུལ་མི་དམངས་སྨན་ཁང་།  ཧྲང་ཧེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འགན་སྲུང་རྟེན་གཞི་སོགས་སུ་སོང་ནས་ཧྲང་ཧེའི་ཚོགས་སྒྲིག་རྣམ་པའི་སློབ་གསོ་དང་སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།   མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད།    ཧྲང་ཧྲེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིར་འཚམས་འདྲི་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

                                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།