ཟླ་དགུ་བའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུས་ཧྲུའུ་གྲོང་ཁྱེར་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་རེ་བ་ཆེན་པོ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། སྐྱེ་ཁམས་གཙོར་འཛིན་དང་གཙང་བོའི་མགོ་ཁུངས་ཀྱི་འགན་འཁྲི་ཁུར་དུ་བླངས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གནད་དུ་བཟུང་ནས། ཧུར་ཐག་སྒོས་སྐྱེ་ཁམས་ཁྱད་སྟོབས་དེ་འཕེལ་རྒྱས་ཁྱད་སྟོབས་དང་དམངས་འཚོའི་ཕན་བདེ་རུ་བསྒྱུར་དགོས་པ་ནན་གྱིས་བསྟན།
འབྲི་ཆུ་དལ་འབབ་རིང་མོས་འབྲི་སྟོད་རྫོང་དུ་མཛེས་པའི་རི་མོ་བཀོད་ཡོད། ཁྲིན་ཀང་ལི་ཞིན་ཡུལ་ཚོའི་སྙི་ཆེན་སྡེ་བར་ཡོད་པའི་འབྲི་ཆུའི་ཁུགས་སོ་དང་པོར་སོང་ནས། འབྲི་ཆུའི་སྟོད་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། ས་དེའི་སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་ཞིང་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་ལ། མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པ་མཐོང་རྗེས། ཁྲིན་ཀང་དགའ་སྤྲོ་ཆེན་པོ་སྐྱེས་ནས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཉམ་དུ་འབད་བརྩོན་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་སྔོ་ཆུ་དྭངས་ཀྱི་ཁོར་ཡུག་སྲུང་བ་དང་། ཉིན་རེ་བཞིན་འབྱོར་ཕྱུག་ཏུ་འགྱུར་བཞིན་པའི་འཚོ་བ་བཟང་བོ་རོལ་དུ་འཇུག་དགོས་པའི་སྐུལ་མ་བཏང་། འབྲི་སྟོད་རྫོང་ཆ་ཚང་སློབ་ཆུང་ནས་ཁྲིན་ཀང་ལོ་རིམ་དྲུག་པའི་སློབ་ཁང་དང་། མྱོང་རོལ་ཁང་། ལུས་རྩལ་ར་བ་བཅས་སུ་སོང་ནས། སློབ་ཁྲིད་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སློབ་གྲྭས་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་ཏང་ཡོན་གྱི་ཆབ་སྲིད་སྐྱེས་སྐར་ལ་མཐོང་ཆེན་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས།
དགེ་རྒན་དུས་ཆེན་ཐོན་ལས་ཉེ་བའི་སྐབས་སུ། ཁྲིན་ཀང་ད་རུང་གྲངས་རིག་ཁྲིད་དཔྱོད་ཁང་དུ་སོང་ནས་ལས་ཡུལ་དང་པོའི་དགེ་རྒན་ལ་འཚམས་འདྲི་བྱས་པ་དང་། ཁོས་དགེ་རྒན་རྣམས་ལ་བཤད་རྒྱུར། བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་རེ་བ་ཡིན་ལ། སློབ་གསོ་ནི་མཚོ་སྔོན་གྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཡིན་པས། ཐབས་བརྒྱ་ཇུས་སྟོང་གིས་སྟོབས་ཤུགས་གང་ཡོད་བཏོན་ནས་བྱིས་པ་དག་གི་གཏན་ཚིགས་བསམ་གཞིགས་ནུས་པ་སྐྱེད་སྲིང་དང་། ཚན་རིག་ལག་རྩལ་གྱི་སྤྲོ་བ་འཕེལ་བར་བྱེད་པ། ཤེས་བྱའི་ཐོག་ཁང་ཆེན་མོའི་རྨང་གཞི་བརྟན་པོར་བྱས་ཏེ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་ནས་མི་འཇོན་ནུས་ཅན་དུ་འགྱུར་བར་རོགས་རམ་བྱེད་དགོས།
ཆུ་དམར་ལེབ་རྫོང་ནས་ཁྲིན་ཀང་ནོར་གནག་རྒྱུད་བཟང་གསོ་སྤེལ་ར་བར་སོང་སྟེ། ཡུལ་དངོས་ནས་གསོ་སྤེལ་ར་བས་རིག་ནུས་གསོ་སྤེལ་ཚོད་འཛིན་མ་ལག་སོགས་ཀྱི་ལག་རྩལ་བྱེད་ཐབས་ལ་བརྟེན་ནས། ཡུས་ཧྲུའུ་ཡི་ནོར་གནག་དང་རྫ་སྐྱའི་ལུག་རྒྱུད་བཟང་གསོ་སྤེལ་དང་ཕན་ནུས་ལྡན་པའི་གསོ་སྤེལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། སྤུས་ལེགས་རྒྱུད་བཟང་གི་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་། ཚན་རིག་ལག་རྩལ་གྱི་སྐུལ་སྤེལ་ནུས་པ་འདོན་སྤེལ་བྱས་ཏེ། ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་འབྱོར་ཕྱུག་ཏུ་འགྱུར་བར་སྐུལ་ཁྲིད་བྱེད་པ་དང་། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། སྲུང་སྐྱོབ་ཨང་དང་པོར་འཛིན་པ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་དུ། ཧུར་ཐག་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱད་དབང་ཚོང་གཉེར་ལས་གཞི་འཚོལ་ཞིབ་དང་འཕེལ་རྒྱས་སུ་བཏང་སྟེ། ངེས་པ་དོན་གྱིས་རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་ནང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་ཉམས་མངོན་པར་བྱེད་དགོས་ཟེར།
ཕྱིར་མ་ལོག་གོང་། ཁྲིན་ཀང་ཆེད་དུ་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། ལོ་དེའི་ས་ཡོམ་དྲག་པོ་ལས་བཟོས་པའི་གཏོར་བརླག་ཆེན་པོ་དང་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྒྱབ་སྐྱོར་འོག་ཡུས་ཧྲུའུ་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ནས། ཁྱིམ་གཞིས་བསྐྱར་འཛུགས་བྱས་པའི་དཔའ་མཛངས་ཀྱི་བྱས་རྗེས་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། རྗེས་དྲན་ཁང་ནི་ཆེས་བཟང་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་དེབ་ཅིག་ཡིན་ཞིང་། འདྲ་པར་རེ་རེའི་ལྟག་རྒྱབ་ན་ཡིད་སེམས་འགུལ་བའི་གཏམ་རྒྱུད་རེ་ཡོད། ལོ་རྒྱུས་རྒྱུ་ཆ་སྔོག་འདོན་དང་ལེགས་སྒྲིག་གང་ལེགས་བྱས་ཏེ་ཡུས་ཧྲུའུ་ཡི་ཡོམ་འགོག་རྒུད་སྐྱོབ་ཀྱི་གཏམ་རྒྱུད་ཡག་པོར་བརྗོད་པ་དང་། རྒྱུན་ཆད་མེད་པར་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། བསྟུད་མར་གནོད་འགོག་དང་གནོས་སྐྱོབ། རྒུད་སྐྱོབ་ཀྱི་ཉམས་མྱོང་དང་ནུས་པར་སྤྱི་བསྡོམས་དང་མཐོར་འདེགས་བྱེད་པ་དང་། འཕྲལ་སྒྲུབ་རྒུད་སྐྱོབ་དངོས་རྫས་ཀྱི་གསོག་འཇོག་ལ་ཤུགས་སྣོན་བྱས་ཏེ། གནད་འགག་གི་སྐབས་སུ་མྱུར་མོར་བླངས་ནས་བཀོལ་ཐུབ་འགན་སྲུང་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་རྟོག་ཞིབ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།