ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་།
2023.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཁབ་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས། ལེགས་ཆ་དར་སྤེལ་དང་ཞན་ཆ་གསབ་དགོས་པའི་དུས་མཚུངས་སུ། ཐོན་ཁུངས་ཀྱི་དགེ་མཚན་དང་སྐྱེ་ཁམས་ཀྱི་དགེ་མཚན། ཚན་རིག་ཞིབ་འཇུག་གི་དགེ་མཚན། ཐོན་ལས་དགེ་མཚན། ས་ཁོངས་ཀྱི་དགེ་མཚན་བཅས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་ལེགས་ཆ་གསར་བར་བསྒྱུར་ནས། རྒྱལ་ཁབ་ཀྱི་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། སྒྲིག་ཆས་ལྕི་མོའི་རིགས་ཐོན་སྐྱེད་རྟེན་གཞི། ནུས་ཁུངས་དང་མ་བཅོས་རྒྱུ་ཆའི་རྟེན་གཞི། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བཅས་བརྟན་པོ་དང་སྟོབས་དང་ལྡན་པར་བསྐྲུན་དགོས་པར་མ་ཟད། བྱང་ཕྱོགས་སུ་སྒོ་འབྱེད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ནུས་ཁུངསབདེ་འཇགས། ཐོན་ལས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་འགན་འཁྲི་གཙང་སྒྲུབ་བྱས་ནས། ཕྱོགས་ཡོངས་དར་རྒྱས་དང་སྣ་སྒོ་མོ་ནས་དར་རྒྱས་གཏོང་བའི་ཁྲོད་དུ། ཧེ་ལུང་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། ད་ཡོད་ཀྱི་ཐོན་ལས་རྨང་གཞི་དངོས་ནས་རྐང་ཚུགས་པར་བྱེད་པ་དང་།  སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་འཕར་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་གསུམ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་དགོས་ལ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པ། ཐོན་ལས་ཁྱུ་ཚོགས་ཁག་ཅིག་བསྐྲུན་པ། དངོས་ཕུང་དཔལ་འབྱོར་གྱི་སྟོབས་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་དེ་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་གྱི་ལྟེ་བའི་གཞི་རྟེན་དུ་བྱས་ནས། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་ཐུབ་ཚད་སྔར་ལས་མཐོ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་རང་རྟོགས་སྒོས་སྦྲེལ་མཐུད་བྱས་ནས། ཁྱད་ལྡན་ཐོན་ལས་དང་ཐོན་ལས་ཀྱི་ཁྱད་ལྡན་ཁྱབ་ཁོངས་སུ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེ་མོར་སྔར་ལས་ལེགས་པའི་ངང་མཉམ་འདྲེས་ཐུབ་པར་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་སྦྲེལ་མཐུད་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཧེ་ལུང་ཅང་གིས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་སུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ། དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེ་གྲས་དང་ཁེ་ལས་ཆེ་གྲས། ཐོན་ལས་ཆེ་གྲས་བཅས་འཛུགས་སྐྲུན་གང་མགྱོགས་བྱས་ནས། ཞིང་ལས་ཀྱི་དངོས་པོའི་སྒྲིག་ཆས་དེང་རབས་ཅན་དང་ཚན་རྩལ་དེང་རབས་ཅན། གཉེར་སྐྱོང་དོ་དམ་དེང་རབས་ཅན། ཞིང་ལས་ཆ་འཕྲིན་ཅན། ཐོན་ཁུངས་བེད་སྤྱོད་རྒྱུན་མཐུད་ཅན་བཅས་སྔོན་ལ་མངོན་འགྱུར་ཡོང་བར་བྱེད་དགོས། གཞི་གྲངས་ལག་རྩལ་དང་སྐྱེ་དངོས་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ས་ནག་དམིགས་སུ་བཀར་ནས་ཀུན་གྱི་སྔོན་ལ་ཚད་གཞི་མཐོ་བའི་ས་ཞིང་དུ་བསྒྱུར་ཏེ། ས་ནག་གི་ཞིང་སར་སྲུང་སྐྱོབ་ནན་མོ་བྱེད་དགོས། ཞིང་ལས་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་དོད་པོ་ཅན་གྱི་གནས་བབ་སྟེང་བཞག་ནས། ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་། དེང་རབས་འདེབས་འཛུགས་ལས་རིགས་ཀྱི་རིམ་སྤོར་བཟོ་བཀོད་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ཚན་རྩལ་དང་རྩེར་སོན་ཞིང་འཕྲུལ་སྒྲིག་ཆས་མ་ལག་ཚང་བའི་སྒོ་ནས་ཁྱབ་བརྡལ་དུ་གཏོང་བ། ཞིང་ལས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཞིང་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་རྒྱུ་དང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། ཟས་རིགས་དང་གཟན་ཆས་ཐོན་ལས་ཁྱུ་ཚོགས་གང་མགྱོགས་ངང་བསྐྲུན་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གང་མགྱོགས་བཏང་ནས། གྲོང་གསེབ་ཏུ་དེང་རབས་ཅན་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་འཛོམས་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། གངས་འཁྱགས་དང་འབྲེལ་བའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་འཕར་གཞི་གསར་བ་ཞིག་ཏུ་བརྩིས་ནས། གངས་འཁྱགས་ཀྱི་ལུས་རྩལ་དང་གངས་འཁྱགས་ཀྱི་རིག་གནས། གངས་འཁྱགས་ཀྱི་སྒྲིག་ཆས། གངས་འཁྱགས་ཀྱི་ཡུལ་སྐོར་བཅས་ཐོན་ལས་ཕྲེང་འབྲེལ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས། ནགས་ཚལ་དང་གཙང་བོ། མཚེའུ། བརླན་ས། གངས་འཁྱགས་སོགས་གདོད་མའི་སྐྱེ་ཁམས་རྣམ་པར་སྲུང་སྐྱོབ་ཡག་པོ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། མཐའ་མཚམས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་ནས། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་པོ་ཡོང་བར་སྔར་ལས་ སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་ལས་འགན་གསར་བ་འཁུར་ཕོད་པར་བྱེད་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏིང་ཟབ་ཏུ་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ། དར་སྲོལ་གསར་བ་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། ཉམས་སྣང་གསར་བ་མངོན་པར་བྱེད་དགོས་ཞེས་གསུངས།

ཞི་ཅི་ཕིང་གིས་རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་འབྱེད་པའི་མཐོ་ས་གསར་བ་བསྐྲུན་དགོས། ཉོ་ཚོང་དང་དངུལ་གཏོང་། བགྲོད་ལམ། ལས་སྟེགས་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་རྒྱུ་དང་། ཚོང་རར་ཞུགས་ཆོག་པ་དང་རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད་བྱེད་པ། ལམ་ལུགས་ཅན་གྱི་སྒོ་འབྱེད་སོགས་ཐད་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་དགོས་ལ། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། སྐམ་སའི་བགྲོད་ལམ་གལ་ཆེན་དང་གཙང་ཆུའི་མཚོ་ལམ། ནུས་ཁུངས་སྦུག་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཨེ་ཤ་ཡ་བྱང་ཤར་ལ་ཁ་ཕྱོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་སྔར་ལས་འཐུས་ཚང་དུ་གཏོང་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཕྱོགས་བསྡུས་དཔྱ་ཁྲལ་འགན་སྲུང་ཁུལ་སོགས་སྒོ་འབྱེད་ལས་སྟེགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ཤུགས་བསྣན་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ས་ཁོངས་མཉམ་ལས་ཁྲོད་འབད་པས་ཞུགས་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་མཐའ་གཅིག་ཏུ་མི་འབྱུང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོ་སྤེལ་ཐེངས་དང་པོ་དངོས་སུ་སྤེལ་ཚར་སོང་ནའང་། ད་དུང་མུ་མཐུད་དུ་བཅོས་སྒྲིག་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས། བརྗོད་དོན་སློབ་གསོའི་འཚོལ་ཞིབ་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་དེ་ཕུགས་ཕན་ལམ་སྲོལ་དུ་བསྒྱུར་དགོས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་སོགས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་ཐེངས་གཉིས་པ་དངོས་སུ་སྤེལ་མགོ་བརྩམས་ཡོད་པས། ས་གནས་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་དེར་འཆར་འགོད་བྱེད་པ་དང་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ། རིགས་དབྱེ་མཛུབ་སྟོན་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་བྱས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་རོགས་བྱས་པ་དང་། བརྗོད་དོན་སློབ་གསོ་ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བཞི་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།