ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡི་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་ཟིར་མཇལ་འཕྲད་གནང་།
ལིས་ཆང་གིས་དེང་སྐབས་རྒྱལ་སྤྱིའི་གནས་བབ་ཟང་ཟིང་ཅན་དུ་གྱུར་ཡོད་ཅིང་། འཛམ་གླིང་གི་གནས་སྟངས་ཇི་ལྟར་ཛ་དྲག་ཅན་དུ་ཕྱིན་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་མཉམ་ལས་བྱས་ནས་འགྲན་སློང་ཅི་རིགས་ལ་ཁ་གཏད་འཇལ་དགོས། སྒོ་འབྱེད་དཀྱེལ་ཡངས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་བཤད་དབང་སྔར་ལས་ཆེ་རུ་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་ནས། འཛམ་གླིང་གི་འཕེལ་རྒྱས་དང་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀུའུ་ཐི་ལེ་ཟི་ཡིས་རྒྱལ་སྤྱིའི་གྲོས་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་བར་སྐད་ཆ་བཤད་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་འགྲན་སློང་ལ་རོགས་རམ་བྱེད་པ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་རྒྱུར་རམ་འདེགས་བཅས་བྱེད་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།