རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།
2023.09.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྱིས་ཚེས་བརྒྱད་ཉིན་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ཏུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གོམ་སྟབས་ཆེན་པོ་མདུན་དུ་སྤོས་པ་མ་ཟད། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་བཅོས་བྱུང་བའི་མཚོན་རྟགས་སུ་གྱུར་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་བདེ་ཐང་གི་རྐྱེན་སྲོལ་འཛུགས་དགོས་པའི་ཁ་གསལ་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་བྱ་བའི་འགན་ཁུར་གལ་ཆེན་དུ་བརྩིས་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕྱོགས་སུ་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེ་ཅུན་དང་། ཝང་ཅིན་ནན། ལུའུ་ཞིའུ་ལུའུ། ཁྲིན་ཡུའེ་ཁྲུང་། ཀྲའོ་ཡུང་ཆིན། ཡེ་མེན། ཕེའོ་ཧྲི་ལུང་། ཀུའུ་ཧྲུའུ་ཀྲུང་། ཧོང་ལིས་ཞིན། ཀྲིན་པེན་ཡུང་། ཀའོ་ཅི་ཞིས་བཅས་ཀྱིས་སོ་སོ་རིམ་པ་བཞིན་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཀྲེ་ཅང་། ཀོང་ཏུང་། ཀོས་ཀྲིག་ཚོགས་ར། པེ་ཅིན་ཡན་ཆིན། ཀྲེ་ཅང་ཧུའུ་ཀྲིག ཅང་ཞི་ཧྥུའུ་ཀྲིག ཧྥུའུ་ཅན་སན་མིན་བཅས་ནས་བརྙན་རིས་ཀྱི་ལམ་ནས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུར་སྒོས་བསྟན་དོན། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་དང་གཙོ་ནུས་ཁུལ། རང་བྱུང་སྲུང་སྐྱོབ་ཁུལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་བཅས་ལམ་ལུགས་གལ་ཆེན་མྱུར་དུ་ཇུས་འགོད་དང་གཅིག་གྱུར་སྦྲེལ་མཐུད་བྱས་ནས། བསམ་ཇུས་གཅིག་གི་བྱ་བའི་བྱེད་ཕྱོགས་གྲུབ་པར་བྱས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་སྤྱིའི་རིན་འབོར་བརྩི་ཐབས་ཀྱི་སྒྲིག་ལམ་དང་ཐབས་ཤེས་ཇེ་ལེགས་སུ་བཏང་སྟེ། ཚན་རྩལ་གྱི་འདེགས་སྐྱོར་ནུས་ཤུགས་ཇེ་ཆེར་གཏོང་དགོས། མ་ལག་བཅོས་སྐྱོང་དང་ཉེན་ཁ་འགོག་སྲུང་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སླར་གསོ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ལ་སྲུང་སྐྱོབ་དང་བེད་སྤྱོད། འཁོར་རྒྱུག རིན་ཐང་ཚུལ་སྒྱུར་དང་བརྗེ་རེས་སྲིད་ཇུས་བཅས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་དངུལ་རྩའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ནས། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་ཕྱོགས་སུ་གང་མགྱོགས་སྒོས་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ། པ་ཐིར། ཝང་ཏུང་ཧྥུན། ཝང་ཀོང་ཆན་བཅས་གྲོས་ཚོགས་སུ་ཞུགས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རང་བྱུང་ཐོན་ཁུངས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་རྩྭ་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྲོས་མོལ་བརྗེ་རེས་ལ་ཞུགས།

                                                                                               སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།