ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་ལ་གྲོས་མོལ་གནང་།
2023.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་དང་གྲོས་མོལ་གནང་།

ལིས་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཙའོ་ཁི་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་བྱས་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བས་འཕེལ་རྒྱས་ཆེན་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་གཅིག་ལྷག་གི་སྔོན་ལ།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཁྲིན་ཏུའུ་རུ་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་ཆེད་རྒྱུན་སྲིང་གི་སྒུལ་ཤུགས་སྣོན་འདོད་ཡོད།  གཅིག་ནས་འཐབ་ཇུས་ཀྱི་ངོས་ནས་ཕན་ཚུན་བར་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་བཏང་ནས། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་དངོས་གཉེར་མཉམ་ལས་མུ་མཐུད་རྒྱ་སྐྱེད་བཏང་སྟེ། ལས་སྐལ་གཅིག་ཚོགས་པ་མཉམ་སྐྲུན་དང་འབྲེལ་བའི་ཁེ་ཕན་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། གསུམ་ནས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི། དུས་རབས་ཀྱི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་གསུངས།

ཙའོ་ཁི་ཡིས་ལིས་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས་ནས། ཉེ་བའི་ལོ་འདི་དག་གི་རིང་ལ། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་ཚོང་དོན་དངུལ་གཏོང་དང་ཞིང་ལས་ཉ་ལས། རྨང་གཞིའི་སྒྲིག་ཆས། གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ། ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། “རྒྱལ་ཁབ་གཉིས་ཀའི་གླིང་ཁུལ་གཉིས”སོགས་འཐབ་ཇུས་མཉམ་ལས་ལས་གཞིར་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གྲོས་མོལ་མ་བྱས་པའི་སྔོན་ལ། ཙའོ་ཁི་ཡིས་ཙུང་ཐུང་ལས་ཤག་ཐང་ཆེན་དུ་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།