ཟླ་དགུ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཆེན་ཧ་ཨར་པེན་གྲོང་ཁྱེར་དུ། དུས་རབས་གསར་བའི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་བ་དང་སྐྱོད་ལམ་བུ་གསར་བའི་སྟེང་ནས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོད་བརྒལ་གསར་བ་ཡོང་བར་བྱེད་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་ལ། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔར”སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་བྱང་ཤར་ས་ཁུལ་གྱི་ལས་འགན་གལ་ཆེན་ལ་སྟངས་འཛིན་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་གཙོ་བོ་དེར་སྟངས་འཛིན་ནན་མོ་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་རྒྱུ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཟང་ཆ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཞན་ཆ་གསབ་རྒྱུ་ཟུང་འབྲེལ་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་གཏིང་ཤུགས་འཕེལ་བར་བྱ་རྒྱུ་ཟུང་འབྲེལ་བྱེད་པ། དམིགས་འབེན་དམ་འཛིན་ལྷོད་མེད་བྱེད་པ། སྲོག་བསྡོས་བྱེད་ཕོད་པ་དང་དོན་དངོས་སྒྲུབ་ཕོད་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ངང་དར་རྒྱས་གཏོང་བའི་ལམ་བུ་གསར་བ་ཞིག་འབད་པས་བསྐྲུན་པ་བཅས་བྱས་ཏེ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལེའུ་གསར་བ་འབད་པས་རྩོམ་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ལན་ཅེ་དང་། ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧའོ་ཕིན། ཅི་ལིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཅིན་ཅུན་ཧའེ། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞུས་ཆིན། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་སུན་ཧྲའོ་ཁྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་ནས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ་བར་མ་ཟད། ད་དུང་དེའི་སྐོར་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པར་ཧྲིན་དབྱང་དུ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པའི་ཚུན་ལ། བྱང་ཤར་ཞིང་ཆེན་གསུམ་དང་དེ་བཞིན་ནང་སོག་ཏུ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཕེལ་རིམ་གསར་བ་དང་ཕན་འབྲས་གསར་བ་ཐོབ་པ་དང་། རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་གཏིང་རྡོ་ལྟ་བུའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ཡོད་ལ། ཐོན་ལས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པ་ལས་གཞན། ནུས་ཁུངས་བདེ་འཇགས་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་བདེ་འཇགས་ལྕགས་རི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པར་མ་ཟད། རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ནས། བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་ཉམས་སྣང་གསར་བ་མངོན་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་བྱང་ཤར་གྱི་ཐོན་ཁུངས་ཆ་རྐྱེན་ཅུང་བཟང་བ་དང་ཐོན་ལས་ཀྱི་རྨང་གཞི་ཅུང་བརྟན་ལ། ས་བབ་ཀྱི་ཐད་ནས་དགེ་མཚན་དམིགས་བསལ་ལྡན་པར་མ་ཟད། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད། དེང་སྐབས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གལ་ཆེ་བའི་གོ་སྐབས་གསར་བར་འཕྲད་ཡོད་དེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱ་རྒྱུ་དེ་བྱང་ཤར་ས་ཁུལ་གྱིས་ཚན་སློབ་དང་ཐོན་ལས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་ནས། བྱང་ཤར་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་ལས་མངོན་གསལ་ཅན་དུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱང་ཤར་གྱིས་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། བྱང་ཤར་ས་ཁུལ་གྱིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་དུ། ཡང་བསྐྱར་དཔའ་སྐྱེད་བརྗིད་ཆེ་ཡི་ཉམས་སྣང་ལ་བརྟེན་ནས་གྲུབ་འབྲས་བསྐྲུན་ངེས་པར་ཡིད་ཆེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཏང་གི་མགོ་ཁྲིད་དང་ཏང་འཛུགས་ལ་ཤུགས་སྣོན་རྒྱུ་ནི། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཡིན། བརྗོད་དོན་སློབ་གསོ་སྤེལ་ཐེངས་སྔ་ཕྱི་གཉིས་ཀའི་འབྲེལ་མཐུད་མཉམ་འགུལ་དམ་འཛིན་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་དམིགས་འབེན་བླང་བྱ་དང་གཙོ་གནད་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་སྙིང་སྟོབས་ཆེར་བསྐྱེད་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱས་ནས། ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བར་འཆར་འགོད་བྱེད་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པ། བྱ་བ་དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་དུ་དམིགས་ཏེ། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ནས། ཆ་ཚང་ཞིང་ནོར་བ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་དངོས་གཉེར་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས། ཞིབ་དཔྱོད་དང་དག་ཐེར་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་དང་ཏང་སྲོལ། ཏང་ཁྲིམས་བཅས་ཐད་ཀྱི་གནད་དོན་ལ་མཐོང་ཆེན་དང་ཐག་གཅོད་བྱེད་པར་སྐུལ་འདེད་བྱས་ཏེ། སྲོལ་གསར་སྤྱོད་བཟང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཕེལ་རྒྱས་ཡིད་ཆེས་འཕེལ་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་ཏུ་ཆུ་ལོག་བྱུང་བ་ནས་བཟུང་། བྱང་ཤར་གྱི་ས་ཆ་འགར་ཆུ་ལོག་གིས་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཏང་ཀྲུང་དབྱང་གིས་ཞོད་འགོག་གནོད་སེལ་དང་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། བྱང་ཤར་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་ངང་ནས་དགུན་ཁ་བསྐྱལ་ཐུབ་པར་འགན་ལེན་གང་ལེགས་བྱེད་པ་དང་། གནོད་ཐེབས་ས་ཁུལ་གྱི་སློབ་མ་སློབ་གྲྭར་འགྲོ་ཐུབ་པར་འགན་ལེན་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ངང་སླར་གསོ་བྱེད་དགོས། སྟོན་དུས་ཀྱི་ཆུ་ལོག་ལ་དོགས་ཟོན་ཚད་མཐོན་པོ་བྱས་ཏེ། ཉེན་སེལ་གནོད་སེལ་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་ཡག་པོ་སྒྲུབ་ནས། འགལ་རྐྱེན་ཅི་རིགས་སྔ་མོ་ནས་སེལ་བར་གྲ་སྒྲིག་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཀན་ཅེ་དང་ཧི་ལིས་ཧྥུན། མུའུ་ཧུང་། ཅང་ཞིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་ཁུལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།