ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་འཕྲིན་ཡིག་བསྐུར།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཟླ་དགུ་པའི་ཚེས་དགུ་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་པའི་དགེ་རྒན་གྱི་འཐུས་མི་ལ་འཕྲིན་ཡིག་བསྐུར་ཏེ། དགེ་རྒན་གྱི་དུས་ཆེན་ཐེངས་སོ་དགུ་པ་ཐོན་ལ་ཉེ་བའི་སྐབས་སུ། ཏང་ཀྲུང་དབྱང་གི་ཚབ་མཛད་ནས། ཁོ་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས། 

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་དུ། དུས་ཡུན་རིང་བོར་ཁྱོད་ཚོས་མཚོན་པའི་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་མོས་སློབ་གསོ་ལ་བརྟེན་ནས་མི་བསྐྱངས་པ་དང་། མི་གཞི་དང་བློ་རྒྱ་བསྐྱེད་དེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩལ་བཅས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རབ་དང་རབས་འགའ་སྐྱེད་སྲིང་བྱས་པ་དང་། ཆེ་ཕྱོགས་སུ་བཀོལ་ཆོག་པ་དང་འགན་འཁྲི་ལྗིད་མོ་ཁུར་ཐུབ་པའི་རྐང་འཛིན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་ཀྱི་གོང་འཕེལ་དང་མི་རིགས་ཀྱི་དར་རྒྱས་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད། དགེ་རྒན་གྱི་ཚོགས་སྤྱིའི་ཁྲོད་དུ་སློབ་གསོ་པ་དང་ཕུལ་བྱུང་དགེ་རྒན་སྐོར་ཞིག་བྱུང་ལ། ཁོ་ཚོར་སེམས་སུ་ཐུན་མོང་འཛིན་པ་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་དང་ཡིད་ཆེས་ལྡན་ཞིང་། གཏམ་བརྗོད་ཀུན་གྱི་ཚད་མར་འཛིན་ཞིང་དང་སྤྱོད་པ་ཀུན་གྱི་དཔེ་རུ་བཀུར་བའི་སྤྱོད་བཟང་མངའ་ལ། སེམས་པ་རིག་པས་བྲན་ཞིང་སྣོད་བསྟུན་སློབ་ཁྲིད་ཀྱི་སྐྱེད་སྲིང་གི་བློ་གྲོས་ཡོད་ཅིང་། སློབ་བརྩོན་དོན་འཁྱོལ་དང་བདེན་འཚོལ་གསར་གཏོད་ཀྱི་སློབ་གསོའི་རྣམ་འགྱུར་མངའ་ལ། སློབ་གསོར་དགའ་ཞིང་སློབ་མར་གཅེས་པ་དང་བྱས་རྗེས་འབུལ་ཕོད་པའི་གཅེས་སེམས་ལྡན་པ་དང་། ཡིད་ལ་གནམ་འོག་བཅངས་པ་དང་རིག་གནས་ཀྱིས་མི་གཞི་བསྐྱེད་པའི་འཚོལ་སྙེག་ཡོད་པས། ཀྲུང་གོར་ཁྱད་དུ་ཡོད་པའི་སློབ་གསོ་པའི་སྙིང་སྟོབས་མངོན་པར་མཚོན་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་བའི་སྟེང་དུ། ཁྱོད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་གསོ་པ་མིག་དཔེར་བཟུང་ནས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཤིང་། སློབ་གསོའི་ལས་ལ་ང་ཡིས་བརྩོན། རྒྱལ་ཁབ་འཕེལ་བར་ང་ཡིས་འབད་ཅེས་པའི་འདུན་པ་དང་ཕུགས་བསམ་བརྟན་པོར་བཅངས་ནས། རང་རྟོན་རང་བརྩོན་དང་དཀའ་སྤྱད་ཡར་བརྩོན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། དགེ་རྒན་ནི་སློབ་གསོ་འཛུགས་པའི་རྩ་བ་དང་སློབ་གསོ་དར་བའི་གཞི་མ་ཡིན་ལ། སློབ་གསོ་གོང་འཕེལ་གྱི་ཐོན་ཁུངས་དང་པོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་གནང་ནས། དགེ་རྒན་གྱི་དཔུང་སྡེའི་བྱང་ཚད་རྒྱུན་མ་ཆད་པར་མཐོར་འདེགས་དང་། གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་སྒྱུར། ཐོབ་ཐང་རྒྱུན་མ་ཆད་པར་མཐོར་འདེགས་བཅས་བྱས་ཏེ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ཐད་ལོ་རྒྱུར་རང་བཞིན་གྱི་གྲུབ་འབྲས་བླངས་ནས། ཏང་དང་རྒྱལ་ཁབ་ལ་ཕུལ་བྱུང་འཇོན་མི་འབོར་ཆེན་སྐྱེད་སྲིང་བྱས་ཏེ། རང་རྒྱལ་གྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་བྱས་རྗེས་འབུར་ཐོན་བཞག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ་དང་། བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་སྐྱེད་སྲིང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཅན་གྱི་དགེ་རྒན་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། སློབ་ཁྲིད་ལ་བརྟེན་མི་སྐྱོང་བའི་ནུས་པ་མཐོར་འདེགས་སུ་གཏོང་བ། སློབ་གསོའི་དོ་དམ་དང་ཐོན་ཁུངས་སྒྲིག་བཀོད་ལེགས་སྒྱུར་བྱེད་པ། ཐོབ་ཐང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ། གཟི་བརྗིད་གཟེངས་བསྟོད་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བཀུར་བ་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་ཟབ་མོ་བསྐྲུན་པ་དང་། དགེ་རྒན་ནི་སྤྱི་ཚོགས་སྟེང་ཆེས་བརྩི་བཀུར་བྱེད་པ་དང་ཀུན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་སུ་འགྱུར་བར་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱབ་རྟེན་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་ནས། ཞི་ཅིན་ཕིང་གི་འཕྲིན་ཡིག་དང་ལིས་ཆང་གི་མཆན་བཀོད་མཛབ་སྟོན་བརྒྱུད་བསྒྲགས་མཛད་པར་མ་ཟད་གསུང་བཤད་གནང་།ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་ལས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཆེའི་དགེ་རྒན་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་ལེགས་པར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་རྒྱ་ཆེའི་དགེ་རྒན་གྱིས་རྒྱལ་ཁབ་གོང་འཕེལ་དང་མི་རིགས་དར་རྒྱས་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་ནས། སློབ་གསོ་པའི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་རྒྱས་འགྲེལ་མཛད་པ་དང་། རྒྱ་ཆེའི་དུས་རབས་གསར་བའི་མི་དམངས་དགེ་རྒན་ལ་བླ་མེད་འགན་འཁྲི་བསྩལ་ཡོད། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཤིང་། སེམས་རྣལ་དུ་ཕབ་ནས་སློབ་ཁྲིད་ཀྱིས་མི་སྐྱོང་བ་དང་མི་གཞི་བསྐྱེད་དེ། མུ་མཐུད་དུ་རྒྱལ་ཁབ་ལ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པ་དང་། ཆེ་ཕྱོགས་སུ་བཀོལ་ཆོག་པ་དང་འགན་འཁྲི་ལྗིད་མོ་ཁུར་ཐུབ་པའི་རྐང་འཛིན་མི་སྣ་སྐྱེད་སྲིང་བྱེད་དགོས། སེམས་སུ་ཐུན་མོང་ཡོད་པ་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་བཅངས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། གཏམ་བརྗོད་ཀུན་གྱིས་ཚད་མར་འཛིན་པ་དང་སྤྱོད་པ་ཚང་མས་དཔེ་རུ་བཀུར་བའི་ཀུན་སྤྱོད་རྒྱུད་ལ་འབྱོར་བར་བྱས་ཏེ་ཡོངས་འཛིན་དང་དགེ་རྒན་གྱི་མཚན་སྙན་གཅིག་གྱུར་གྱི་དགེ་རྒན་ཆེན་མོ་བྱེད་དགོས། སེམས་རྒྱུད་རིག་པས་བྲན་པ་དང་སྣོད་བསྟུན་སློབ་ཁྲིད་ཀྱི་བློ་གྲོས་ལ་བརྟེན་ནས་སློབ་མ་ཚང་མར་རང་གི་འཇོན་ནུས་ངོམ་པའི་གོ་སྐབས་ཡོད་པར་བྱེད་དགོས། སློབ་བརྩོན་དོན་འཁྱོལ་དང་བདེན་འཚོལ་གསར་གཏོད་ཀྱི་སློབ་གསོའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་ལག་བསྟར་པ་བྱེད་དགོས། སློབ་གསོར་དགའ་བ་དང་སློབ་མར་གཅེས་པ། བྱས་རྗེས་འབུལ་ཕོད་པ་བཅས་ཀྱི་བརྩེ་སེམས་ལ་བརྟེན་ནས་སློབ་གསོའི་མི་ཚེའི་མཛད་པ་སྐྱོང་དགོས། གནམ་འོག་སེམས་སུ་འཛིན་པ་དང་རིག་གནས་ཀྱིས་མི་གཞི་བསྐྱེད་པའི་འཚོལ་སྙེག་ལ་བརྟེན་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱེད་དགོས་ཞེས་བསྟན། 

ཏེན་ཞུའེ་ཞང་གིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་དེ་རྨང་གཞིའི་བྱ་བར་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཅན་གྱི་དགེ་རྒན་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་དགེ་རྒན་འབོར་ཆེན་སྐྱེད་སྲིང་བྱེད་དགོས་པ་དང་། ཁྲིམས་ལྟར་དགེ་རྒན་གྱི་དོ་དམ་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། བྱིས་པ་ཚང་མར་འདྲ་མཉམ་ཡིན་ཞིང་རྒྱུ་སྤུས་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་དུ་འཇུག་དགོས་ལ། དགེ་རྒན་གྱི་ཀུན་སྤྱོད་ནི་ཚད་གཞི་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་རྩ་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། དགེ་རྒན་ལ་བཀུར་བ་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་དར་སྲོལ་བསྐྲུན་ནས། མི་དམངས་ཀྱི་དགེ་རྒན། མཆོག་གྱུར་གྱི་གཟི་བརྗིད་ཅེས་པ་འདི་ཀུན་གྱི་སེམས་སུ་འཇགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཕྱུག་ལོས་བསྒྱུར།