ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལ་ཐུག་འཕྲད་བྱས།
2023.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བརྒྱད་ཉིན་དང་ཚེས་དགུ་ཉིན་གཉིས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཧྲུའུ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་ནས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཚའོ་ཧྲུའུ་མེན་ལ་ཐུག་འཕྲད་བྱས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚའོ་ཧྲུའུ་མེན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། ལྷག་པར་དུ་ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཡུས་ཧྲུའུ་ཁུལ་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱི་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་འདོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྔར་བཞིན་དུ་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཤར་གྲངས་ནུབ་རྩིས་བྱེད་པ་དང་རྟེན་གཞི་ས་ཚིགས་འཛུགས་སྐྲུན་བྱེད་པ། ལག་རྩལ་འཇོན་མི་སོགས་ཕྱོགས་ནས་མཛུབ་སྟོན་དང་རོགས་སྐྱོར་སྔར་ལས་མང་བོ་བྱས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་ལེན་པར་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྲིད་ཇུས་དང་ལས་གཞི། མ་དངུལ། ཤེས་ལྡན་མི་སྣ་སོགས་ཕྱོགས་ནས་མཚོ་སྔོན་ལ་རོགས་སྐྱོར་ཤུགས་ཆེན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་བས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་དེ་ཡིད་ལ་དམ་པོར་འཛིན་པ་དང་བརྗེད་མི་སྲིད། མཚོ་སྔོན་གྱིས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་སྔར་ལས་གཅེས་སྤྲས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། རྒྱང་སྒྲོག་བརྙན་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དེ་ཐེམ་སྐས་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཚའོ་ཧྲུའུ་མེན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་པ་དང་། ཞིང་ཆེན་གོང་འོག་ཡོངས་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་ངོ་བཅུ་གསུམ་རིང་གི་ཁ་གཏད་རོགས་སྐྱོར་གྱི་རྨང་གཞིའི་སྟེང་། ངེས་གནས་རོགས་སྐྱོར་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ནང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ཐབས་མང་མཉམ་སྤྱོད་བྱེད་པ་དང་སྟོབས་ཤུགས་སྔར་ལས་ཆེན་པོ་བཏོན་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན། ལིའུ་ཐའོ་བཅས་སོ་སོར་ཐུག་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།