ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ཏེ་ལོ་དོན་ལྔ་འཁོར་བར་དམིགས་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་ཅིན་ཀྲིན་ཨིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་བཙུགས་ནས་ལོ་དོན་ལྔ་འཁོར་བར་ཆེད་དམིགས་སྒོས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཅིན་ཀྲིན་ཨིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ལོ་དོན་ལྔའི་རིང་ལ། ཁྲའོ་ཞན་ངལ་རྩོལ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཁྲའོ་ཞན་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་འོག་ཏུ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ཐོབ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་ཤུགས་བསྣན་ནས། གྲུབ་འབྲས་ཆེན་པོ་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག་ཏུ། སྤུན་ཟླ་ལྟ་བུའི་ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་པ་དང་། སྐས་རིམ་གསར་བ་ཞིག་ཏུ་སླེབས་སུ་འཇུག་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་རྒན་རབས་པ་ཚོས་སྐུ་ངོ་མས་གསར་གཏོད་དང་སྐྱེད་སྲིང་བྱས་པ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སེམས་ཁོང་དུ་བརྟན་པོར་བཅངས་ཡོད་ཅིང་དེར་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་སྔ་རྗེས་སུ་ཐུག་འཕྲད་ཐེངས་ལྔར་བྱས་པ་དང་། བྱེད་ཐབས་འདྲ་མིན་སྣ་ཚོགས་བརྒྱུད་ནས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་འཕེལ་བར་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། དེ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི། ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་ཡིན། གནས་བབ་གསར་བའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་བྱེད་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་གང་ལེགས་བསྐྲུན་པ་བཅས་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།