ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་བཙུགས་པ་ནས་བཟུང་། མཉམ་ལས་གླེང་སྟེགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་བཞིན་ཆེ་རུ་འཕེལ་བཞིན་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་གླེང་སྟེགས་འདི་བརྒྱུད་དེ། ཐུན་མོང་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ནས། ཕན་ཚུན་རྒྱུས་ལོན་དང་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་ཇེ་དམ་དུ་བཏང་བར་མ་ཟད། ཁྱིམ་མཚེས་མཛའ་མཐུན་དང་མཉམ་དུ་མདུན་སྐྱོད་བྱེད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བ་དང་། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་གྲལ་དུ་སླེབས་ཡོད། ད་ལོའི་ཟླ་ལྔ་པར་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་རྒྱལ་ཁའི་ངང་བསྡུས་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་འདི་ཉིད་དུས་རབས་གསར་བར་སླེབས་ཡོད། གནས་བབ་གསར་བའི་འོག་ཏུ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ལ་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། ཕྱོགས་སོ་སོས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པ་སྤེལ་བ་གོ་སྐབས་སུ་བྱས་ནས། གླེང་སྟེགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་གང་ལེགས་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།