ལིས་ཆང་གིས་དབྱི་ཐ་ལིའི་ཙུང་ལིར་མཇལ་འཕྲད་གནང་།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་རུ། དབྱི་ཐ་ལིའི་ཙུང་ལི་མའེ་ལོ་ཉི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བདེ་ཐང་དང་བརྟན་ལྷིང་གི་ཀྲུང་དབྱིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་དང་མཐུན། སང་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་པས། ཀྲུང་གོས་དབྱི་ཐ་ལི་དང་མཉམ་དུ་དེ་གོ་སྐབས་སུ་བྱས་ཏེ། ཕན་ཚུན་བར་གྲོས་མོལ་དང་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཚོགས་འདུ་སོགས་མཉམ་ལས་ལམ་སྲོལ་ཡག་པོ་སྤྱད་དེ། ཕྱོགས་གཉིས་ཀའི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཐོན་ལས་ཕྲེང་འབྲེལ་བདེ་འཇགས་དང་བརྟན་ལྷིང་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

མའེ་ལོ་ཉི་ཡིས་དབྱི་ཀྲུང་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན། དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་བསྡུ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ།ཕྱོགས་གཉིས་ཀའི་སྒྲོམ་གཞིའི་འོག་གི་བརྗེ་རེས་དང་སྐད་ཆ་བཤད་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།