ཟླ་དགུ་པའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ། གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་བཅས་ལ་སྔར་ལས་གཅིག་འདོམས་བཟང་བོ་བྱས་ནས། ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་འཚོ་བ་ཕྱུག་པོར་བསྒྱུར་བ། སྐྱེ་ཁམས་བཟང་བོ་ཡོང་བར་སྐུལ་འདེད་གཏོང་དགོས།
གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་རྨ་ཆུའི་ལྷ་མོ་ཁུག་དང་གཉན་པོ་གཡུ་རྩེ་སྐྱེ་ཁམས་ས་གཤིས་སྲུང་སྐྱོབ་ས་ཚིགས་སུ། ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་དགོས། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གཏིང་ཟབ་ཏུ་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་རྒྱུན་མ་ཆད་པར་བསྐྲུན་དགོས།
གཅིག་སྒྲིལ་རྫོང་སྨིན་ཐང་སྡེ་བའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་རྟེན་གཞི་དང་བར་སྣང་ཕྱུགས་རའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི། རྫོང་འོ་བཟོས་ཐོན་རྫས་ལས་སྣོན་བཟོ་གྲྭ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་ཁ་གཏད་རོགས་སྐྱོར་ལས་གཞིའི་འཁོར་རྒྱུག་དང་ཁེ་ལས་ཀྱི་དོ་དམ། ཐོན་སྐྱེད་ཉོ་འཚོང་། ཞིང་འབྲེལ་ཞིང་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་གྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཐོན་ཁུངས་དགེ་མཚན་དང་ཁྱད་ཆོས་ལ་རྐང་འཛུགས་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། རང་སའི་ཁྱད་ལྡན་ཐོན་རྫས་བསྐྲུན་དགོས། ཕྱུགས་ལས་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ་དང་། ཐོན་ལས་ཡོངས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་པ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ཐོན་ལས་ཀྱི་འབྲེལ་ཐག་ཇེ་རིང་དུ་བཏང་སྟེ། ཐོན་ལས་རིན་འཕར་ནུས་སྤེལ་གྱི་བར་སྟོང་རྒྱ་བསྐྱེད་དགོས། ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། སྤུས་ལེགས་སྨན་རྫས་ཀྱི་ཚོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དམངས་ཕྱུག་ཐོན་ལས་འཛུགས་སྐྲུན་བྱེད་དགོས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། མང་ཚོགས་ཀྱི་ནད་ཐོག་སྨན་བཅོས་དང་ཆུ་བཀོལ། དྲོད་འདོན། སྤྱོད་ཁང་སྒྱུར་བཀོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། གཞི་རིམ་ལས་བྱེད་པ་དང་སྡེ་བའི་སྨན་པ། མང་ཚོགས་བཅས་དང་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཚང་མར་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་ནས། སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་མཉམ་བསྐྲུན་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ཁུལ་དང་རྫོང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་པ་དང་། གྲོང་གསེབ་དར་སྤེལ་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བ་བརྟན་བརླིང་ངང་སྤེལ་བ། བདེ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་གསེབ་མྱུར་དུ་འཛུགས་སྐྲུན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས་ལ། གྲོང་གསེབ་དར་སྤེལ་ཐད་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། སྲིད་ཇུས་ལ་རྒྱུས་ལོན་ཡོད་མཁན་དང་སྲིད་ཇུས་ལག་བསྟར་བྱེད་མཁན་བྱེད་དགོས། གཞི་རིམ་རིམས་འགོག་རིམས་བཅོས་དང་བདེ་ཐང་དོ་དམ་ནུས་པ་མཐོར་འདེགས་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱིས་ཁྱིམ་སྒོ་ནས་དུས་ཐོག་དང་སྟབས་བདེའི་སྨན་བཅོས་དང་བདེ་ཐང་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས་ཞེས་བསྟན།
རིན་ཆེན་མཚོས་བསྒྱུར།