ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
བཟོ་པའི་གྲལ་རིམ་ནི་ང་ཚོའི་ཏང་གི་ཆེས་བརྟན་པོ་དང་ཆེས་བློ་གཏད་རུང་བའི་གྲལ་རིམ་གྱི་རྨང་གཞི་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་དམིགས་པ་དང་། ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ཚོགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་དུས་རབས་གསར་བའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་བ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ཐད་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་མིག་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ་པ་བཅས་ཀྱི་ཐོག་ནས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བཟོ་པའི་གྲལ་རིམ་དང་བཟོ་པའི་ལས་འགུལ་གྱི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེ་ནི་དུས་རབས་གསར་བའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས། ལས་བཟོ་པ་དུང་ཕྱུར་མང་བོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་སྐུལ་སློང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ཤེས་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་བརྒྱད་ལ་དབྱེ་ཡོད་པ་དང་ཁྱོན་བསྡོམས་རྣམ་བཤད་དུམ་བུ་ཉིས་བརྒྱ་བཞི་བཅུ་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2023ལོའི་ཟླ7པའི་ཚེས7ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། རྟེན་འབྲེལ་ཞུ་ཡིག འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བདུན་ཅུ་ལྷག་ཙམ་ལས་བཏུས་པ་རེད། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་རེད།
ཤ་བོ་གསེར་མཚོས་བསྒྱུར།