ཞི་ཅིན་ཕིང་གིས2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ལ། ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་མིའི་རིགས་ཀྱིས་ཐུན་མོང་སྒོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྔར་ལས་སྒོ་འབྱེད་ཀྱི་བསམ་གཞིགས་དང་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། འཛམ་གླིང་སྟེང་དུ་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་པ་བཅས་བྱས་ཏེ་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་སྒོ་འབྱེད་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས། ཕུའུ་ཅང་གསར་གཏོད་གླེང་སྟེགས་ཀྱིས་གསར་གཏོད་བརྗོད་དོན་གཙོ་བོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་གསར་གཏོད་དང་གསར་གཏོད་ཀྱི་འདུ་ཤེས་ཁྱབ་སྤེལ། གསར་གཏོད་ཀྱི་སྙིང་སྟོབས་ལ་སྐུལ་ལྕག་བཅས་བྱས་ཏེ་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

2023ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་དང་། གསར་གཏོད་དང་འཛམ་གླིང་གི་འབྲེལ་མཐུད་ཅེས་པ་དེ་ཡིན་ཞིང་། ཚན་རྩལ་པུའུ་དང་ཧྲང་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་ཉིན་དེར་ཧྲང་ཧེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས།

ཤ་བོ་གསེར་མཚོས་བསྒྱུར།