ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་བརྒྱད་པར་གཟིགས་ཞིབ་གནང་།
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 32

ཟླ9པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་འབུམ་སྡེ་ཆེན་མོ་དོན་བརྒྱད་པར་ཕེབས་ནས་གཟིགས་ཞིབ་གནང་ནང་གསུང་བཤད་གལ་ཆེན་གནང་། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བརྒྱད་ཉིན་འབུམ་སྡེ་ཆེན་མོ་དོན་བརྒྱད་པར་ཕེབས་ནས་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།   དུས་རབས་གསར་བའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་།   འབུམ་སྡེ་ཆེན་མོའི་འཛུགས་སྐྲུན་དོ་དམ་དང་དམག་འཐབ་བྱེད་ཕྱོགས་གསར་སྐྲུན་བྱེད་པ།   དམག་དཔུང་གི་དམག་འཁྲུག་གྲ་སྒྲིག་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་དང་ལས་འགན་ཁག་ཁུར་བཟང་བོ་བྱེད་དགོས།

སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ཡས་མས་སུ།   ཞི་ཅིན་ཕིང་འབུམ་སྡེ་ཆེན་མོ་དོན་བརྒྱད་པའི་ལས་ཁུངས་སུ་ཕེབས་པ་དང་།  སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད།   འབུམ་སྡེ་ཆེན་མོ་དོན་བརྒྱད་པའི་དཔོན་དམག་གི་འཐུས་ཚབ་པར་མཇལ་འཕྲད་གནང་ནས་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ཟླ9པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་འབུམ་སྡེ་ཆེན་མོ་དོན་བརྒྱད་པར་ཕེབས་ནས་གཟིགས་ཞིབ་གནང་ནང་གསུང་བཤད་གལ་ཆེན་གནང་། འདི་ནི་ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་བརྒྱད་པའི་དཔོན་དམག་གི་འཐུས་ཚབ་པར་མཇལ་འཕྲད་གནང་བའི་ཚུལ་རེད། 

ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན།   རང་རྒྱལ་གྱི་ཧྭ་བྱང་དང་བྱང་ཤར་སོགས་ས་ཁུལ་དུ་དྲག་ཆར་བབས་པ་དང་ཆུ་ལོག་གི་ས་གཤིས་གནོད་འཚེ་ཚབས་ཆེན་ཐེབས།   བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་འགན་འཁྲི་ཆེན་མོ་ཁུར་དུ་བླངས་ནས་མགྱོགས་མྱུར་སྒོས་ཞོད་འགོག་གནོད་སྐྱོབ་བྱ་བའི་ཁྲོད་ཞུགས་པ་དང་སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ་ཐོལ་བརྒལ་རུ་ཁག་གི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་པ་དང་མི་དམངས་དམག་དཔུང་གི་སྣང་བརྙན་བཟང་བོ་མངོན་པར་བྱས།

ཞི་ཅིན་ཕིང་གིས་འབུམ་སྡེ་ཆེན་མོ་དོན་བརྒྱད་པ་ལེགས་སྒྲིག་བྱས་ནས་བཙུགས་པའི་ཚུན་གྱི་དམག་དཔུང་འཛུགས་སྐྲུན་དང་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས།  ཁོང་གིས་ནན་གྱིས་བསྟན་དོན།    དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་བསླབ་ཚན་གཙོ་བོའི་ཆེད་དོན་ཞིབ་འཇུག་དང་སྦྱོར་བརྡར་ལ་ཤུགས་སྣོན་པ།  སྤུས་ཚད་གསར་བའི་འཐབ་རྩོད་ནུས་པར་ཤུགས་སྣོན་པ།  ཁོངས་གཏོགས་ཀྱི་དམག་འཐབ་སྟོབས་ཤུགས་དང་དམག་འཐབ་སྡེ་ཁག  དམག་འཐབ་རྒྱུ་རྐྱེན་བཅས་མཉམ་བསྲེས་གཅིག་བསྡུས་བྱས་ཏེ་མཉམ་འབྲེལ་དམག་འཐབ་མ་ལག་ཁྲོད་འདྲེས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་དམག་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ།  རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་པ་དང་གཅིག་སྡུད་ནུས་པ།  འཐབ་རྩོད་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དམག་དཔུང་གི་སློབ་གསོ་དོ་དམ་གཟབ་ནན་ཏུ་བཏང་སྟེ་དམག་དཔུང་གི་ཚད་མཐོ་བའི་གཅིག་གྱུར་དང་བདེ་འཇགས་བརྟན་འཇགས་སྲུང་འཛིན་བྱེད་དགོས།   སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་རྩ་འཛུགས་ཞིབ་ཚགས་བྱས་ཏེ་སྤེལ་བ་དང་དམག་དཔུང་གི་འཕེལ་རྒྱས་གནད་དོན་ཐག་གཅོད་བཟང་བོ་བྱེད་པ།   རང་འགུལ་གྱིས་དཔོན་དམག་གི་སེམས་ཁྲལ་དང་དཀའ་ཁག་སེལ་ཏེ་འབུམ་སྡེ་ཆེན་མོ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བསྐྲུན་དགོས།

ཀྲང་ཡིའུ་ཞ་སོགས་བྱ་འགུལ་ལ་ཞུགས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།