ལིས་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་། 
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁི་ལ་མཇལ་འཕྲད་གནང་། 

ས་དེའི་དུས་ཚོད་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ན་ཁི་ལ་མཇལ་འཕྲད་གནང་། 

ལིས་ཆང་གིས་ཀྲུང་དབྱིན་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ནི་གཅིག་ལ་གཅིག་བརྟེན་ཡིན་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། ང་ཚོས་བརྟན་འཇགས་དང་གཉིས་ཕན་གྱི་ཀྲུང་དབྱིན་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་བར་གྱི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱིན་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱས་ནས་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་རྒྱ་ཆེར་གཏོང་དགོས། ཀྲུང་གོ་དང་དབྱིན་ཇི་གཉིས་ཀ་རང་མོས་ཉོ་ཚོང་གི་གྲོས་འགོ་འདོན་མཁན་དང་། ལག་ལེན་དུ་བསྟར་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པས་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་ཆབ་སྲིད་ཅན་དང་བདེ་འཇགས་ཅན་དུ་བསྒྱུར་བར་མཉམ་དུ་ངོ་རྒོལ་བྱས་ནས། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་བར་འགན་ལེན་བྱེད་དགོས། ཕྱོགས་གཉིས་ཀྱིས་མི་མཐུན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས་ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དབྱིན་ཇི་བར་གྱི་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་འཕེལ་རྒྱས། མི་གཞུང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་འདོད་ཡོད།

སུའུ་ན་ཁི་ཡིས་བསྟན་དོན། དབྱིན་ཇིས་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་བརྩི་འཇོག་བྱེད་པ་དང་ཀྲུང་གོས་རྒྱལ་སྤྱིའི་མ་ལག་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་དགེ་མཚན་ལྡན་པ་དང་ལྷག་བསམ་ཟོལ་མེད་ངང་གཏམ་བཤད་བརྗེ་རེས་བྱས་ནས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ནས་བརྟན་ལྷིང་དང་གཉིས་ཕན་གྱི་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་གཏོད་འདོད་ཡོད་ཟེར།

ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།